མོང་སྒར་ཀུ་རི་ཟམ་པ་ སྔགས་གྲྭ་རྡོ་རྗེ་ཆོས་སྒར་ནང་ ཨ་མི་བདེ་བ་དུང་སྒྲུབ་ བསག་གནང་པའི་བསྒང་།

མོང་སྒར་ཀུར་རི་ཟམ་པ་ སྔགས་གྲྭ་རྡོ་རྗེ་ཆོས་སྒར་ནང་ ཨ་མི་དྷེ་བ་ཧྲཱི་དུང་སྒྲུབ་ བསག་དོ་ཡོདཔ།

༉ མོང་སྒར་ཀུ་རི་ཟམ་པ་ སྔགས་གྲྭ་རྡོ་རྗེ་ཆོས་སྒར་གྱི་ ཚོགས་ཁང་ནང་སྦེ་ རྒྱལ་མཚན་སྤྲུལ་སྐུ་གིས་ དབུ་བཞུགས་ཐོག་ལས་ སྔགས་གྲྭའི་བླ་སློབ་དང་ མཚམས་པ་ དེ་ལས་ མོང་སྒར་འབྲས་སྤུངས་དང་ ཆ་གླིང་ སེང་སྒོར་གྱི་ མི་སེར་ཚུ་བརྩིས་ཏེ་ མི་གྲངས་བསྡོམས་༧༠༠ ལྷགཔ་ཅིག་གིས་ ཨ་མི་དྷེ་བ་དུང་སྒྲུབ་ བསག་གནང་པའི་བསྒང་འདུག།
རང་ཟླ་༡༡ པའི་ཚེས་༩ ལས་འགོ་བཙུགས་མི་ ཨ་མི་དྷེ་བ་དུང་སྒྲུབ་དེ་ རང་ཟླ་༡༡ པའི་ཚེས་༡༦ ལུ་ འགྲོལ་ནི་ཨིན་པས།
ཨ་མི་དྷེ་བ་ཧྲཱི་དེ་ ཆོས་ལོངས་སྤྲུལ་༣ ནང་ལས་ ཆོས་སྐུ་འོད་དཔག་མེད་དང་ རྒྱལ་བ་རིགས་༥ ལས་ ནུབ་སྣང་བ་མཐའ་ཡས་ཀྱི་ མཚན་སྔགས་ཨིན་པས།
སྔགས་གྲྭ་རྡོ་རྗེ་ཆོས་སྒར་གྱི་མཁན་པོ་ བསོད་ནམས་རྡོ་རྗེ་གིས་ བཤད་མིའི་ནང་ འོད་དཔག་མེད་ཀྱི་ མཚན་སྔགས་དུང་སྒྲུབ་དེ་ ཤར་ཕྱོགས་ལུང་ཕྱོགས་ནང་ འགོ་དང་པ་ འགོ་འདྲེན་འཐབ་དགོ་མི་དེ་ཡང་ ན་ཧིང་ སྔགས་གྲྭ་ནང་བཞུགས་སུ་གསོལ་མི་ རིང་ཚད་ཕིཊ་༥༠ དང་ རྒྱ་ཚད་ཕིཊ་༤༠ འབད་མི་ འོད་དཔག་མེད་ཀྱི་མཐོང་གྲོལ་བཞེངས་མི་དེ་ འོད་དཔག་མེད་ཆོ་ག་ཉིནམ་༣ གནང་ཞིནམ་ལས་ རབ་གནས་གནང་བའི་ཤུལ་ལས་ བསྒྲུབས་བཟུམ་ཅིག་སྦེ་ འགོ་འདྲེན་འཐབ་དོ་ཟེར་ཨིན་པས།
དུང་སྒྲུབ་དེ་ཡང་ སྤྱིར་ཕ་མ་སེམས་ཅན་ཐམས་ཅད་དང་ འཛམ་གླིང་ཞི་བདེ་ ལྷག་པར་དུ་ འབྲུག་གི་རྒྱལ་བློན་འབངས་གསུམ་གྱི་ ཞི་བདེ་ལུ་དམིགས་ཏེ་ འགོ་འདྲེན་འཐབ་ཨིན་ཟེར་ མཁན་པོ་བསོད་ནམས་རྡོ་རྗེ་གིས་ བཤདཔ་ཨིན་པས།
མཁན་པོ་གིས་ བཤད་མིའི་ནང་ རྒྱལ་མཚན་སྤྲུལ་སྐུ་གིས་ བདེ་བ་ཅན་གྱི་ཞིང་ཁམས་ལུ་ སྐྱེ་བའི་འདུན་པ་དང་ དཀོན་མཆོག་གསུམ་ལུ་སྐྱབས་སུ་འགྲོ་བ་ བྱང་ཆུབ་ཀྱི་སེམས་དང་ལྡན་པའི་སེམས་སྐྱེད་ དེ་ལས་ ཚོགས་བསགས་ནི་ལ་སོགས་པའི་ སྐྱེ་བའི་རྒྱུ་༤ ཚང་པ་ཅིན་ བདེ་བ་ཅན་གྱི་ཞིང་ཁམས་ནང་ མ་སྐྱེ་པའི་ཐེ་ཚོམ་མེད་ཟེར་ གསུངས་ཏེ་ཡོད་ཟེར་ཨིན་པས།
སངས་རྒྱས་འོད་དཔག་མེད་ཀྱི་མཐོང་གྲོལ་དེ་ ཟླཝ་འདི་གི་ཚེས་༡༠ ལུ་ མི་མང་ལུ་ མཇལ་ཁ་གནང་པའི་ཁར་ ད་རུང་ ཚེས་༡༥ ལུ་ཡང་ མཇལ་ཁ་གནང་ནི་ཨིན་མི་དེ་ཡང་ སྤྱིར་བཏང་མི་སེར་ག་ར་དང་ ལྷག་པར་དུ་ ཨ་རྒས་དང་ ཨང་རྒས་མང་ཤོས་ཅིག་གིས་ བདེ་ཆེན་སྨོན་ལམ་ལུ་ གཙོ་བོར་བཏོན་ཏེ་ ཨ་རྟག་ར་ བདེ་བ་ཅན་དུ་སྐྱེ་བར་ཤོག་ཟེར་ སྨོན་ལམ་བཏབ་མི་ ཤར་ཕྱོགས་ལུང་ཕྱོགས་ནང་མཇལ་ས་མེད་པའི་ འོད་དཔག་མེད་ཀྱི་མཐོང་གྲོལ་དེ་ མཇལ་ཞིནམ་ལས་ རྒྱུད་ལུ་ས་བོན་བཟུམ་ཅིག་ འཐོབ་ནི་ལུ་དམིགས་ཏེ་ཨིན་ཟེར་ མཁན་པོ་བསོད་ནམས་རྡོ་རྗེ་གིས་ བཤདཔ་ཨིན་པས།
ཨ་མི་དྷེ་བ་ཧྲཱི་དུང་སྒྲུབ་དེ་ ད་ལས་ཕར་ སྔགས་གྲྭ་རྡོ་རྗེ་ཆོས་སྒར་གཙུག་ལག་ཁང་གི་ ལོ་བསྟར་ལས་རིམ་སྦེ་ འགོ་འདྲེན་འཐབ་ནིའི་ འཆར་གཞི་ཡོདཔ་ཨིན་པས།
རྒྱལ་ཁབ་ནང་ སྔགས་ཀྱི་གཞུང་རིགས་དང་ མན་ངག་གི་རིགས་ཡོངས་རྫོགས་ ལྷབ་སྦྱང་འབད་ས་ འགོ་ཐོག་ཨིན་མི་ སྔགས་གྲྭ་རྡོ་རྗེ་ཆོས་སྒར་གཙུག་ལག་ཁང་དེ་ཡང་ སྤྱི་ལོ་༢༠༠༧ ལུ་ གཞི་བཙུགས་འབད་བའི་ཤུལ་ལས་ ༢༠༡༠ ལུ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ བཀྲ་ཤིས་རབ་གནས་མཛད་གནང་ནུག།
སྔགས་གྲྭ་ནང་ སྔགས་ཀྱི་གཞུང་དང་ མན་ངག་གི་རིགས་ ལེ་ཤ་ཡོད་པའི་ནང་ལས་ མདོ་དང་སྔགས་ཀྱི་གཞུང་ རྒྱུད་བརྟག་གཉིས་ལུ་ གཙོ་བོར་བཏོན་དོ་ཡོདཔ་ད་ རྒྱུད་བརྟག་༢ དེ་ རྒྱུད་སྡེ་༤ ལས་ རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱི་ནང་གསེས་ ཕ་རྒྱུད་དང་མ་རྒྱུད་ཟེར་ཡོད་ས་ལས་ མ་རྒྱུད་རིམ་པ་༡༢ ག་ར་ཚུདཔ་ཨིན་པས།
གཙུག་ལག་ཁང་གི་ ནང་རྟེན་གཙོ་བོ་ རྒྱུད་བརྟག་༢ མཛད་མི་ བོད་ཀྱི་མར་པ་ལོ་ཙཱ་བའི་ ཐུགས་དམ་གཙོ་བོ་ དཔལ་ལྡན་ལྷ་མོའི་ གསུང་ཐུབ་ཀྱི་ཡིད་དམ་རྩ་ཅན་ རྒྱལ་ཁབ་ནང་ སྦོམ་ཤོས་ཅིག་ཨིན་མི་ རིང་ཚད་ཕིཊ་༢༡ འབད་མི་ དགྱེས་པ་རྡོ་རྗེ་གི་ སྐུ་འདྲ་འདུག།
དགྱེས་རྡོར་དེ་ འཇིག་རྟེན་ཁམས་ནང་མ་བྱོན་རུང་ སྐལ་པ་ཆགས་པའི་དུས་ལུ་ རིའི་རྒྱལ་པོ་རི་རབ་ཀྱི་ རྩེ་མོ་ལུ་བཞུགས་ཏེ་ ལྷ་དབང་ཕྱུག་ཆེན་པོ་བཏུལ་ཏེ་ ཆོས་གསུངས་ཡོདཔ་ད་ དེ་བསྒང་ འཇིག་རྟེན་གྱི་ཁམས་ནང་ སངས་རྒྱས་མ་བྱོན་ནི་དེ་གིས་ སྐྱབས་འཚོལ་ས་མེད་པར་ ལྷ་དབང་ཕྱུག་བསྟེན་སྡོད་པའི་སྐབས་ མི་ཚུ་ལུ་ འདོད་ཆགས་ ཞེ་སྡང་ གཏི་མུག་དང་འབྲེལ་བའི་བསྟན་པ་དར་བའི་སྐབས་ རྒྱལ་བ་སྲས་བཅས་ཀྱི་སྤྲུལ་པ་ དགྱེས་རྡོར་བྱོན་ཏེ་ ནང་པའི་བསྟན་པ་ དར་ཡོདཔ་ཨིན་པས།
ཀུ་རི་ཟམ་པ་ སྔགས་གྲྭ་རྡོ་རྗེ་ཆོས་སྒར་གཙུག་ལག་ཁང་ནང་ མཁན་པོ་༡ གིས་གཙོས་པའི་ སློབ་དཔོན་ཚུ་དང་ དགེ་འདུན་པ་ཞལ་གྲངས་༥༠ དེ་ཅིག་ ཡོད་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ། མོང་སྒར།

 

About admin

Check Also

རྒེད་འོག་བསྡབ་ནིའི་ གྲོས་འཆར་ལུ་ རྒཔོ་ཚུ་ སེམས་དང་མ་ལྡན་པར་ཡོདཔ།

༉ ས་གནས་གཞུང་སྐྱོང་ལས་ཁུངས་ལས་ རྒེད་འོག་ལས་བྱེད་ཚོགས་ཆུང་གིས་ རྒེད་འོག་༥༧ དེ་ཅིག་ རྒེད་འོག་གཞན་ཚུ་དང་བསྡབ་ནིའི་ གྲོས་འཆར་བཀོད་མི་དེ་ལུ་ དབང་འདུས་ཕོ་བྲང་རྫོང་ཁག་གི་ རྒཔོ་ཚུ་ལས་ ངོས་ལེན་ལེགས་ཤོམ་མེདཔ་ཨིན་པས། དེ་ཡང་ ས་གནས་གཞུང་སྐྱོང་ལས་ཁུངས་ལས་ རྒྱལ་ཁབ་ནང་ རྒེད་འོག་བསྡོམས་༢༠༥ ཡོད་མི་ལས་ …

Leave a Reply

Your email address will not be published. Required fields are marked *