འཕྲིན་ལས་བསྟན་པ་གིས་ ཁ་རི་མུ་ཟ་བཏོག་པའི་བསྒང་།

མོ་བཏབ་འཛུགས་སྐྱོང་ མཐར་འཁྱོལ་ཡོདཔ་ལས་ སོ་ནམ་པ་ཚུ་ལུ་ སེམས་ཤུགས་བྱུང་ཡོདཔ།

༉ ན་ཧིང་ སྐྱེས་ལོ་༦༤ ལང་མི་ སོ་ནམ་པ་ འཕྲིན་ལས་བསྟན་པ་གིས་ ཁོ་རའི་ཞིང་ཆུང་ཀུ་ཅིག་ནང་ མོ་བཏབ་བཟུམ་ཅིག་སྦེ་ ཤིང་འབྲས་ཁ་རི་མུ་ཟ་ འཛུགས་སྐྱོང་འབད་ཡོདཔ་མ་གཏོགས་ ཚོང་འབྲེལ་གྱི་དོན་ལུ་  མནོ་བསམ་མ་བཏང་པས།
དེ་བསྒང་ འཕྲིན་ལས་བསྟན་པ་ལུ་ ཤིང་འབྲས་འཛུགས་སྐྱོང་འབད་ཐངས་ཀྱི་ ཐབས་རིག་མེདཔ་ལས་ མོ་བཏབ་འབད་མིའི་ ཐོན་སྐྱེད་གངམ་མ་ཐོན་རུང་ ཁོ་གིས་ འོང་འབབ་དངུལ་ཀྲམ་༣,༠༠༠ དེ་ཅིག་ བཟོ་ཚུགས་མི་ལུ་བརྟེན་ ཁ་རི་མུ་ཟ་དེ་ སྟོད་ལུང་གཡུས་ཚན་ནང་ འཚོ་བཏུབ་མ་ཚད་ ཚོང་འབྲེལ་ཡང་ ལེགས་ཤོམ་འོང་ནི་ཨིནམ་ ཧ་གོ་ནུག།
སྟོད་ལུང་དེ་ པདྨ་དགའ་ཚལ་ བདེ་ཆེན་གླིང་རྒེད་འོག་ནང་ཨིནམ་ད་ འཕྲིན་ལས་བསྟན་པ་གིས་ ཁ་རི་མུ་ཟ་ འཛུགས་སྐྱོང་འབད་ནིའི་ འོས་འབབ་ཡོད་པའི་སྐོར་ རྫོང་ཁག་སོ་ནམ་སྡེ་ཚན་ལུ་ སྙན་ཞུ་འབད་ཡོདཔ་བཞིན་དུ་ ཞིང་པ་༥ འབད་མི་ སོ་ནམ་སྡེ་ཚན་ཅིག་ གཞི་བཙུགས་འབད་ཐོག་ལས་ དུས་ཅི་སྤྱི་ཟླ་༢ པའི་ནང་ མོ་བཏབ་བཟུམ་ཅིག་སྦེ་ ས་ཆ་ཨེ་ཀར་༡ ལྷགཔ་ཅིག་ནང་ ཁ་རི་མུ་ཟ་འཛུགས་སྐྱོང་འབད་ནུག།
ད་རེས་འབདཝ་ད་ འཕྲིན་ལས་བསྟན་པ་དང་ ཁོ་གི་མཉམ་རོགས་ཚུ་ སེམས་དགའ་སྟེ་ ཡོད་མི་དེ་ཡང་ ཁོང་གི་ཐོན་སྐྱེད་དང་པ་ ཀེ་ཇི་༡,༥༠༠ དེ་ཅིག་བཙོང་སྟེ་ འོང་འབབ་དངུལ་ཀྲམ་༦༠,༠༠༠ ལྷགཔ་ཅིག་ བཟོ་ཚུགས་ནི་དེ་གིས་ཨིན་པས།
ཐོན་སྐྱེད་དེ་ཡང་ ད་རིས་ཀྱི་ ཟླཝ་ནང་ལས་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༥༠ རེ་སྦེ་བཙོང་ནི་ འགོ་བཙུགས་ཡོདཔ་ད་ འཕྲིན་ལས་བསྟན་པ་གིས་ སླབ་མིའི་ནང་ ཁ་རི་མུ་ཟ་དེ་ ལོ་༡ ནང་ ཚར་༢ འཚོ་དོ་ཡོདཔ་ལས་ མ་འོངས་པ་ལུ་ ཚོང་འབྲེལ་གྱི་ འོས་འབབ་ལེགས་ཤོམ་འོང་ནི་མས་ཟེར་ཨིན་པས།
སྐྱེས་ལོ་༥༧ ལང་མི་ ཀུན་ཏུ་བཟང་མོ་གིས་ སོ་ནམ་སྡེ་ཚན་དང་གཅིག་ཁར་ ཁ་རི་མུ་ཟ་འཛུགས་སྐྱོང་འབད་དེ་ ལོ་༡ དེ་ཅིག་ སོང་ཡོདཔ་ལས་ མོ་བཟུམ་མའི་ སོ་ནམ་པ་ཚུ་གི་དོན་ལུ་ འོང་འབབ་ལེགས་ཤོམ་ བཟོ་ཚུགས་པའི་ ཕན་ཐོགས་འདུག་ཟེར་ཨིནམ་ད་ སྡེ་ཚན་ལུ་ ཐོན་སྐྱེད་སྐྱེལ་འདྲེན་འབད་ནིའི་ སྣུམ་འཁོར་མེད་པའི་ གདོང་ལེན་དུམ་གྲ་རེ་བྱུངམ་མ་གཏོགས་ ཐོན་སྐྱེད་དང་ ཚོང་འབྲེལ་ལུ་ ཚ་གྱང་ལང་དགོཔ་མིན་འདུག་ཟེར་ བཤདཔ་ཨིན་པས།
ཁ་རི་མུ་ཟ་འཛུགས་སྐྱོང་འབད་ས་དེ་ ངང་ལམ་དང་ རྒྱལ་པོའི་ཞིང་གཞུང་ལམ་གྱི་ སྦོ་ལོགས་ཁར་ཨིནམ་ལས་ ཐོན་སྐྱེད་ཚུ་ གཞུང་ལམ་ཁར་བཏོན་ཏེ་ བཙོང་དོ་ཟེར་ཨིན་པས།
སྡེ་ཚན་གྱི་ འཐུས་མི་ཚུ་ལུ་ སོ་ནམ་འགོ་དཔོན་ཚུ་གིས་ ཁ་རི་མུ་ཟའི་ སོན་བྱིན་ཡོདཔ་མ་ཚད་ འཛུགས་སྐྱོང་འབད་ཐངས་ སྟོན་བྱིན་ཡོདཔ་ཨིན་རུང་ ཐོན་སྐྱེད་ཚུ་ ཕྱེམ་ལ་འབུབ་ཀྱིས་ གནོད་སྐྱོན་རྐྱབ་མ་ཚད་ རུལ་མི་ལུ་བརྟེན་ རྫོང་ཁག་སོ་ནམ་འགོ་དཔོན་ལུ་ སྙན་ཞུ་འབད་ཡི་ཟེར་ འཐུས་མི་ཅིག་གིས་ བཤདཔ་ཨིན་པས།
དེ་བཟུམ་སྦེ་ ཁ་རི་མུ་ཟ་ཚུ་ ཀ་ཤ་གིས་ཡང་ ཟ་དོ་ཡོདཔ་ལས་ སོ་ནམ་ལས་ཁུངས་ཀྱིས་ ཉི་དྲོད་གློག་ཐག་ར་བ་མཁོ་སྤྲོད་འབད་ནི་སྦེ་ ཁ་བཟེད་ཡོད་རུང་ ལྕགས་སྐུད་ར་བ་བསྒོར་ནི་གི་ རྒྱབ་སྐྱོར་བྱིན་པ་ཅིན་ དྲག་ནི་མས་ཟེར་ འཕྲིན་ལས་བསྟན་པ་གིས་ བཤདཔ་ཨིན་པས།
རྫོང་ཁག་སོ་ནམ་འགོ་དཔོན་ བཀྲིས་ཕུན་ཚོགས་ཀྱིས་ སླབ་མིའི་ནང་ ཁ་རི་མུ་ཟ་ཚུ་ རུལ་མི་དེ་ ད་རེས་ ཆརཔ་ཧ་སག་རྐྱབ་མི་ལུ་བརྟེན་ཨིན་རུང་ ཕྱེམ་ལཱ་འབུབ་ཀྱིས་ དེ་ཅིག་གནོདཔ་མ་བཀལ་བས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ སྟོད་ལུང་ལུ་ ཁ་རི་མུ་ཟ་འཛུགས་སྐྱོང་འབད་མི་དེ་ མོ་བཏབ་བཟུམ་ཅིག་ཨིནམ་བཞིན་དུ་ ཁ་རི་མུ་ཟ་དེ་ སོ་ནམ་ལྷན་ཁག་གི་ གཙོ་རིམ་མེན་རུང་ མི་ཚུ་གིས་ སྤྲོ་བ་བསྐྱེད་ཐོག་ལས་ འཛུགས་སྐྱོང་འབད་བ་ཅིན་ ལུང་ཕྱོགས་སོ་ནམ་དང་ ཚོང་འབྲེལ་མཉམ་ལས་ཀྱི་ ལམ་སྟོན་དང་འཁྲིལ་ ཚོང་འབྲེལ་འཐབ་ནིའི་ནང་ རྒྱབ་སྐྱོར་འབད་འོང་ཟེར་ཨིན་པས།
འདས་པའི་ལོ་ནང་ སློབ་གྲྭ་ཁག་ཚུ་ནང་ ཚོང་འབྲེལ་ལེགས་ཤོམ་ འཐབ་ཚུགསཔ་ལས་ སོ་ནམ་ལས་ཁུངས་ཀྱིས་འབད་རུང་ སློབ་གྲྭ་ཚུ་ནང་ བཙོང་ནི་ལུ་ རྒྱབ་སྐྱོར་འབད་ནིའི་ འཆར་གཞི་ཡོད་ཟེར་ བཀྲིས་ཕུན་ཚོགས་ཀྱིས་ བཤད་ཡོད་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། ངང་ལམ།

 

About admin

Check Also

ཝམ་རོང་གི་ འཐབ་རྩོད་ནང་ མི་༣ ལུ་ ཉེས་འཛུགས་འབད་ཡོདཔ།

༉ བཀྲིས་སྒང་ཝམ་རོང་ལུ་ སྤྱི་ཟླ་༤ པའི་ཚེས་༢༦ ལུ་ འཐབ་འཛིང་བྱུང་མི་དེ་ནང་ དྲང་དཔོན་གྱི་ཨམ་དང་ ཕྱགས་བདར་བའི་གནས་ཚང་ དེ་ལས་ སློབ་ཕྲུག་བུཚ་ཅིག་ལུ་ ཉེས་འཛུགས་འབད་བའི་ སྣ་ཚོགས་སྙན་གསན་དེ་ ཁ་ཙ་ ཝམ་རོང་དྲུང་ཁག་ཁྲིམས་ཀྱི་འདུན་སར་ ངང་ལམ་དྲུང་ཁག་ཁྲིམས་འདུན་གྱི་ …

Leave a Reply

Your email address will not be published. Required fields are marked *