མི་བསད་མི་ སྡེ་ཚན་གྱིས་ སྦ་སྒོར་འཚིགས་ཤུལ་ནང་ ཅ་དངོས་ཚུ་ འཚོལ་བའི་བསྒང་།

མེ་རྐྱེན་གྱིས་ གླང་རྒྱུག་ཕར་ཁ་ལུ་ སྦ་སྒོར་༢ འཚིགས་ཡོདཔ།

༉ ཁ་ཙ་ ཉིན་མའི་ཆུ་ཚོད་༡༡ དེ་ཅིག་ཁར་ ཐིམ་ཕུག་གླང་རྒྱུག་ཕར་ཁ་ལུ་ རྒྱལ་ཡོངས་ཚོགས་ཁང་གི་ ཉེ་འདབས་ལུ་ མེ་རྐྱེན་བྱུང་སྟེ་ གནས་སྐབས་ཀྱི་ སྦ་སྒོར་༢ འཚིགས་ཡོདཔ་ཨིན་པས།
མེ་རྐྱེན་དེ་ ག་ཅི་ལུ་བརྟེན་ བྱུང་ཡོདཔ་ཨིན་ན་ ཤེས་རྟོགས་མེད་རུང་ ས་གནས་ནང་སྡོད་མི་ རྒྱལ་ཡོངས་གཞུང་ཆས་ལས་ཁུངས་ཀྱི་ ལས་བྱེདཔ་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ གློག་མེ་ལས་ མེ་ཟུན་ཡོད་པའི་ དོགས་པ་ཡོད་ཟེར་ཨིན་པས།
སྦ་སྒོར་དེ་ནང་ བཟའ་ཚང་༢ སྡོད་ཡོདཔ་ད་ ཁྲིམས་སྲུང་འགག་སྡེའི་ འགན་འཛིན་པ་ ཚེ་རིང་དཔལ་འབྱོར་གྱིས་ སླབ་མིའི་ནང་ མེ་རྐྱེན་བྱུང་པའི་སྐབས་ མི་གིས་ གློག་མེ་ལས་ བྱུང་ཡོདཔ་སྦེ་ སླབ་དོ་ཡོད་རུང་ མེ་རྐྱེན་དེ་ ག་ཅི་ལུ་བརྟེན་ བྱུང་ཡོདཔ་ཨིན་ན་ ཤེས་མ་ཚུགས་ཟེར་ཨིན་པས།
ས་གནས་ཀྱི་ མི་ཚུ་གིས་ བཤད་མིའི་ནང་ སྦ་སྒོར་ཅིག་གི་ ཁྱིམ་ཐོག་གུ་ལས་ དུག་པ་ཐོན་སར་མཐོངམ་ཅིག་ ཁྲིམས་སྲུག་འགག་སྡེ་ལུ་ སྙན་ཞུ་འབད་བའི་ཤུལ་ལས་ ཁྲིམས་སྲུག་འགག་སྡེའི་ མེ་བསད་སྡེ་ཚན་དང་ བདེ་སྲུངཔ་ཚུ་ མེ་བསད་པར་ འོང་ཡི་ཟེར་ཨིན་པས།
མ་གཞི་ མེ་རྐྱེན་དེ་གིས་ སྦ་སྒོར་༡ རྐྱངམ་གཅིག་ འཚིགས་ཡོད་རུང་ མེ་རླུང་རྒྱ་རྫི་གས་སོཔ་ལས་ སྦ་སྒོར་གཞན་ལུ་ མེ་ཟུན་ཡོདཔ་ད་ མི་ཚུ་གིས་འབད་བ་ཅིན་ ཁྱིམ་ག་ར་ གཅིག་ཁར་ཡོད་པའི་ཁར་ ཤིང་དང་ ལྕགས་ཤོག་བཀབ་སྟེ་ བཟོ་མི་ལུ་བརྟེན་ མེ་འཇམ་ཏོང་ཏོ་སྦེ་ ཟུན་ཡི་ཟེར་ཨིན་པས།
དེ་བསྒང་ མི་ལུ་ གནོད་སྐྱོན་མ་བྱུང་མི་དེ་ཡང་ མི་ཚུ་ལཱ་འབད་བར་སོང་སྟེ་ཡོད་པའི་ཁར་ ཨ་ལོ་ཚུ་ཡང་ སློབ་གྲྭ་ནང་ སོང་ཡོདཔ་ཨིན་པས།
ས་གནས་ལུ་སྡོད་མི་ བསྟན་པ་གིས་ སླབ་མིའི་ནང་ ཁྱིམ་ཚང་གི་ བརྒྱུད་འཕྲིན་ལྷོདཔ་ད་ ལཱ་ས་སྡོད་ཡོདཔ་ལས་ ས་གོ་དེ་ནང་ ལྷོད་པའི་བསྒང་ལས་ མེ་བསད་སྡེ་ཚན་དེ་ ལྷོད་ནུག་ཟེར་ཨིནམ་ད་ མེ་གིས་ ཁྱིམ་ནང་ཡོད་མི་ ཅ་ཆས་ག་ར་ འཚིགས་ནུག་ཟེར་ཨིན་པས།
མེ་རྐྱེན་དེ་ ཉིན་མའི་ཆུ་ཚོད་༡༢.༣༠ ལུ་ བསད་ཚུགས་ཡོདཔ་ད་ མི་གཞན་ཅིག་གིས་ ས་གོ་དེ་ནང་ར་ ད་རེས་འབདཝ་ད་ མེ་རྐྱེན་ཚར་༥ དེ་ཅིག་ བྱུང་ཡི་ཟེར་ བཤད་པའི་ཁར་ ཁྲོམ་སྡེ་ལུ་ སྦ་སྒོར་ཚུ་ ཉེན་སྲུང་དང་ལྡན་པའི་ ས་གོ་ནང་ སྤོ་བཤུད་འབད་དགོ་པའི་ ཉོགས་བཤད་ཡི་གུ་ བཙུགས་དགོཔ་འདུག་ཟེར་ བཤདཔ་ཨིན་པས།
ཁྲོམ་སྡེ་འགོ་དཔོན་ཚུ་གིས་ ས་ཁོངས་དེ་ནང་ རྒྱལ་ཡོངས་གཞུང་ཆས་ལས་ཁུངས་ཀྱི་ ལས་བྱེདཔ་ཚུ་ སྡོད་དོ་ཡོདཔ་ལས་ འགན་འཁྲི་ཡང་ ཁོང་གིས་ འབག་དགོ་ཟེར་ བཤདཔ་ཨིན་པས།
ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་ ཁྲོམ་སྡེ་ལས་ ས་ཁོངས་དེ་ནང་ སྒ་སྒོར་རྐྱབ་ཆོག་པའི་ གནང་བ་ཐོབ་སྟེ་ཡོདཔ་ལས་ སྦ་སྒོར་སྤོ་བཤུད་འབད་ནི་ལུ་ ངོས་ལེན་འབད་མ་བཏུབ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

རང་བྱུང་སློབ་གྲྭ་ལྟེ་བའི་ སློབ་ཕྲུག་སྡེ་ཚན་ཅིག་གིས་ གསོལ་ཁ་གཏང་ནི་དང་ ཆོས་ཆས་ལག་ལེན་འཐབ་ཐངས་ཚུ་ ལྷབ་སྦྱང་འབད་དོ་ཡོདཔ།

༉ བཀྲིས་སྒང་ རང་བྱུང་སློབ་གྲྭ་ལྟེ་བའི་ སློབ་ཕྲུག་སྡེ་ཚན་ཅིག་གིས་ སློབ་གྲྭའི་ཆོས་ཚན་རྐྱངམ་གཅིག་གིས་མ་ཚད་པར་ ཆོས་ཕྱོགས་ཀྱི་ལས་རིམ་ནང་ བཅའ་མར་གཏོགས་ཏེ་ གསོལ་ཁ་གཏང་ནི་དང་ ཆོས་ཆས་ལག་ལེན་འཐབ་ཐངས་ཚུ་ཡང་ ལྷབ་སྦྱང་འབད་དོ་ཡོདཔ་ཨིན་པས། དེ་ཡང་ སློབ་ཕྲུག་སྡེ་ཚན་ཅིག་གིས་ དྲོ་པ་ཨ་རྟག་ར་ ཆུ་ཚོད་༥ ལས་ …

Leave a Reply

Your email address will not be published. Required fields are marked *