མེ་རག་གི་ ཨམ་སྲུ་ཚུ།

མེ་རག་ལུ་ ཨམ་སྲུ་ཚུ་གིས་ རྨགཔ་གཅིག་ལས་ལྷག་ བསྡོམ་སྲོལ་ཡོད་མི་དེ་ ཉམས་ནིའི་གུ་ལྷོད་ཡོདཔ།

༉ བཀྲིས་སྒང་ མེ་རག་གཡུས་ཚན་ནང་ ཨམ་སྲུ་གཅིག་གིས་ རྨགཔ་གཅིག་ལས་ལྷགཔ་བསྡོམ་སྲོལ་ཡོད་མི་དེ་ ཉམས་ནིའི་གུ་ ལྷོད་ཡོདཔ་ཨིན་པས།
དེ་ཡང་ དུས་ཀྱི་འགྱུར་དང་འཁྲིལ་ ཨམ་སྲུ་ཚུ་གིས་ རྨགཔ་གཅིག་ལས་བརྒལ་ འཚོལ་ནི་མེད་མི་དེ་ཡང་ གཡུས་ཚན་དེ་ གོང་འཕེལ་འགྱོ་བའི་ བརྡ་མཚོན་ཅིག་ཨིན་པས།
སྐྱེས་ལོ་༤༩ ལང་མི་ རྣམ་རྒྱལ་སྒྲོལ་མ་གིས་ སྐྱེས་ལོ་༢༠ ལངམ་ད་ གཉེན་རྐྱབ་པའི་ཤུལ་ལས་ རྨགཔ་གི་ ནུ་གཅུང་དང་གཅིག་ཁར་ གཉེན་བསྡོམ་དགོཔ་ཐོན་ཡོདཔ་ཨིན་པས།
ད་རེས་ རྣམ་རྒྱལ་སྒྲོལ་མ་ལུ་ ཨ་ལོ་༨ ཡོདཔ་ད་ མེ་རག་གཡུས་ཚན་ནང་ རྨགཔ་ལེ་ཤ་ཡོད་མིའི་གྲས་ལས་ གཅིག་མོ་ཨིན་རུང་ ད་རེས་ དག་པ་ཅིག་ལས་བརྒལ་མེདཔ་ཨིན་པས།
རྣམ་རྒྱལ་སྒྲོལ་མ་གིས་ བཤད་དོ་བཟུམ་འབད་བ་ཅིན་ མོ་ར་ ཆུང་ཀུ་སྦེ་སྡོདཔ་ད་ མེ་རག་གི་ ཨམ་སྲུ་ཚུ་ལུ་ རྨགཔ་༣ དང་༤ ཡོདཔ་སྦེ་ མཐོང་ཡི་ཟེར་ཨིན་པས།
དེ་ཡང་ ས་གཞི་དང་ རྒྱུ་ནོར་ཚུ་ བཟའ་ཚང་ནང་ན་ བཞག་ཐབས་དང་ བཟའ་ཚང་གི་ དཀའ་ངལ་སེལ་ཐབས་ལུ་ རྨགཔ་ལེ་ཤ་བསྡོམ་དོ་ཡོདཔ་ད་ ས་གཞི་དང་རྒྱུ་ནོར་ཚུ་ ཨ་ལོ་ཚུ་ལུ་ བགོ་བཤའ་རྐྱབ་པ་ཅིན་ བཟའ་ཚང་གི་དཀའ་ངལ་ཡང་ ལེ་ཤ་འཐོན་འོང་མནོ་སྟེ་ རྨགཔ་ལེ་ཤ་བསྡོམ་སྲོལ་ཡོདཔ་ཨིན་པས།
ཨམ་སྲུ་༡ ལུ་ རྨགཔ་༣ ཡོད་པ་ཅིན་༢ ཀྱིས་ ལ་ནོར་ཚུ་དང་གཅིག་ཁར་ སྡོད་དོ་ཡོདཔ་ད་༡ གིས་ ཁྱིམ་ནང་སྡོད་དེ་ འབྲུ་སྣ་དང་ཚོང་ཚུ་ རྐྱབ་སྲོལ་ཡོད་ཟེར་ རྒས་ཤོས་ཚུ་གིས་ སླབ་ཨིན་པས།
མེ་རག་གཡུས་ཚན་དེ་ རྒྱ་མཚོའི་གནས་ཚད་ལས་ མི་ཊར་༣༥༠༠ གུ་ཆགས་ཏེ་ ལོ་མང་རབས་ཅིག་ གཞན་དང་མཐུད་འབྲེལ་མེད་པར་ལུས་ཡོདཔ་ད་ ད་རེས་ མཐུན་རྐྱེན་ཚུ་ག་ར་ ལྷོད་ནི་དེ་གིས་ ཕོ་རྒནམ་དང་ ནུ་གཅུང་གཅིག་ཁར་ གཉེན་རྐྱབ་ནི་མེདཔ་ཨིན་པས།
ད་རེས་ནངས་པར་ གོང་འཕེལ་སོང་ནི་དེ་གིས་ ལཱ་ག་ཅི་འབད་རུང་ འཇམ་མི་ལུ་བརྟེན་ རྨགཔ་ལེ་ཤ་བསྡོམ་སྲོལ་མིན་འདུག་ཟེར་ཨིནམ་ད་ ཁོང་རྨགཔ་༢ བསྡོམ་མི་དེ་ མཇུག་འོང་ནི་མས་ཟེར་ ཨ་ལོ་༨ ཀྱི་ཨའི་ རྣམ་རྒྱལ་སྒྲོལ་མ་གིས་ བཤདཔ་ཨིན་པས།
རྒྱལ་ཁབ་ནང་ རྨགཔ་ལེ་ཤ་བསྡོམ་སྲོལ་ཡོད་མི་དེ་ ལོ་མཐོ་ས་དང་ མཐའ་ཟུར་གྱི་ གཡུས་ཚན་ཚུ་ནང་མ་གཏོགས་ དེ་ཅིག་ར་མེདཔ་ཨིན་པས།
གྱེན་མགོ་ལས་ སྐྱེས་ལོ་༦༠ ལང་མི་ ནོར་བུ་གིས་ སྐྱེས་ལོ་༡༧ ལངམ་ད་ གཉེན་རྐྱབ་ཡོདཔ་ད་ གཉེན་རྐྱབ་པའི་ཤུལ་ལུ་ ཁོང་ཕོ་སྤུན་༢ ཀྱིས་ ཨམ་སྲུ་གཅིག་བསྟེན་ཏེ་ ད་རེས་འབདཝ་ད་ ལོ་༤༧ དེ་ཅིག་ ལང་དོ་ཡོདཔ་ཨིན་པས།
ད་ལྟོ་ཚུན་ཚོད་ བཟའ་ཚང་ནང་ དཀའ་ངལ་ག་ནི་ཡང་ མ་འཐོན་ཟེར་ ནོར་བུ་གིས་ བཤད་པའི་ཁར་ ཨམ་སྲུ་ལེ་ཤ་བསྡོམ་པ་ཅིན་ རྒྱུ་ནོར་ལུ་བརྟེན་ དཀའ་ངལ་འཐོན་སྲིད་ནི་དེ་གིས་ ཕོ་རྒནམ་དང་ ནུ་གཅུང་ལུ་ ཨམ་སྲུ་གཅིག་སྦེ་ བརྟེན་ཡི་ཟེར་ཨིནམ་ད་ ལཱ་ག་ཅི་ར་འབད་རུང་ བྱ་སྟབས་བདེ་བས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ གལ་སྲིད་ ནུ་གཅུང་དེ་ ནོར་གྱི་བྱང་ས་ལས་ ཁྱིམ་ནང་འོང་པ་ཅིན་ ཨམ་སྲུ་དེ་ ཞག་ཁོ་དང་གཅིག་ཁར་ཉལ་བཅུག་དགོ་ཟེར་ཨིནམ་ད་ ག་ར་གཅིག་ཁར་ཡོད་པ་ཅིན་ ཞག་བསྐོར་རྐྱབ་སྦེ་ སྡོད་དོ་ཡོདཔ་ལས་ སྟབས་མ་བདེཝ་ ག་ནི་ཡང་མེད་ཟེར་ཨིན་པས།
ཨམ་སྲུ་གཅིག་བརྟེནམ་ད་ ཕོ་རྒནམ་དང་ ནུ་གཅུང་གི་བར་ན་ མིག་སེར་བལྟ་ནི་ལ་སོགས་པ་ཚུ་ ག་ནི་ཡང་ མེད་ཟེར་ཨིནམ་ད་ དེ་སྦེ་སྟབས་མ་བདེཝ་འབྱུང་པ་ཅིན་ ཨམ་སྲུ་གཞན་ཅིག་བསྡོམ་སྟེ་ ཡར་སོཔ་འོང་ཟེར་ ནོར་བུ་གིས་ བཤདཔ་ཨིན་པས།
ཨམ་སྲུ་ཚུ་གིས་ རྨགཔ་༢ ལས་ ཨ་ལོའི་ཨ་པ་ངོ་མ་ ག་ཨིན་ན་ སླབ་མི་ཚུགས་དོ་ཡོདཔ་ད་ ཨ་ལོ་ཚུ་གིས་འབད་རུང་ ཕོ་རྒནམ་དང་ ནུ་གཅུང་གཉིས་ཆ་ར་ལུ་ ཨ་པ་ཟེར་ འབོ་དོ་ཡོདཔ་ཨིན་པས།
རྨགཔ་ལེ་ཤ་བསྡོམ་མི་ལུ་བརྟེན་ ཨ་ལོའི་ཨ་པ་ངོ་མ་ ག་ཨིན་ན་ ཨམ་སྲུ་རེ་གཉིས་ཀྱིས་མ་གཏོགས་ སླབ་མི་ཚུགས་ཟེར་ སྐྱེས་ལོ་༤༧ ལང་མི་ ཚེ་རིང་དབྱངས་འཛོམས་ཀྱིས་ དགའ་འཛུམ་བཏོན་ཏེ་ བཤད་པའི་ཁར་ གཡུས་མི་གཞན་ཚུ་གིས་འབད་བ་ཅིན་ ཨ་པ་ག་གི་ ཨ་ལོ་ཨིན་ན་ ཤེས་ཚུགས་པས་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ ད་རེས་ མེ་རག་རྒེད་འོག་ནང་ རྨགཔ་༢ ཡོད་མི་ དག་པ་ཅིག་མ་གཏོགས་མེད་ཟེར་ཨིནམ་ད་ དེ་ཡང་ སྐྱེས་ལོ་༣༠ དང་༦༠ གི་ བར་ན་འབད་མི་རྐྱངམ་གཅིག་ ཡོད་ཟེར་ཨིན་པས།
གཡུས་མི་རྒས་ཤོས་ཚུ་གིས་འབད་བ་ཅིན་ ད་རེས་ནངས་པར་ ཨ་ལོ་ཚུ་ ཤེས་ཡོན་ཡོད་མི་ཙང་ཙ་འབད་ཝ་ལས་ རྨགཔ་མངམ་བསྡོམ་སྲོལ་ལུ་ སྤྲོ་བ་མིན་འདུག་ཟེར་ཨིནམ་ད་ གཡུས་ཚན་དེ་ གཞན་དང་མཐུད་སྦྲེལ་ཡོདཔ་ལས་ རྨགཔ་གཅིག་འཚོལ་ནི་དེ་ར་ གདམ་ཁ་རྐྱབ་མས་ཟེར་ཨིན་པས།
སྐྱེས་ལོ་༦༢ ལང་མི་ གཡུས་མི་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ལོ་དག་པ་ཅིག་གི་རྒྱབ་ལས་ མེ་རག་རྒེད་འོག་ནང་ ཨམ་སྲུ་༡ གིས་ རྨགཔ་ལེ་ཤ་བསྡོམ་སྲོལ་ཡོད་མི་དེ་ ཉམས་འགྱོ་ནི་མས་ཟེར་ཨིན་པས།
འདས་པའི་ལོ་ཚུ་ནང་ མེ་རག་རྒེད་འོག་ནང་ ཨམ་སྲུ་༡ གིས་ རྨགཔ་༣ བསྡོམ་མི་ཡོདཔ་ད་ ཨམ་སྲུ་ཚེ་ལས་འདས་པའི་ཤུལ་ལུ་ ད་རེས་ནངས་པར་ ཨམ་སྲུ་༡ གིས་ རྨགཔ་༢ རྐྱངམ་གཅིག་ བསྡོམ་སྡོདཔ་མས་ཟེར་ཨིན་པས།
རྒེད་འོག་ནང་ ཕོ་རྒནམ་དང་ ནུ་གཅུང་གཅིག་ཁར་ གཉེན་རྐྱབ་སྡོད་མི་ཚུ་གི་ ཐོ་བཀོད་མེད་རུང་ ད་རེས་ མི་ངོམ་༡༡ དེ་ཅིག་འདུག་ཟེར་ གཡུས་མི་ཚུ་གིས་ བཤད་ཡོད་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། བཀྲིས་སྒང་།

 

About admin

Check Also

གནམ་གཤིས་འགྱུར་བགྲོད་ཀྱིས་ སྐྱེ་ལྡན་རིགས་སྣ་ལུ་གནོད་ཉེན།

༉ རྒྱལ་སྤྱི་འཛམ་གླིང་ནང་ སྐྱེ་ལྡན་རིགས་སྣ་༡༡,༠༠༠ དེ་ཅིག་ཡོད་མི་ལས་ འབྲུག་རྒྱལ་ཁབ་འདི་ སྐྱེ་ལྡན་རིགས་སྣ་གིས་ ཕྱུག་མི་ཅིག་ཨིནམ་ད་ རྒྱལ་ཁབ་ཀྱི་ས་ཁོངས་དང་ སའི་ཆགས་ཚུལ་ སའི་དབྱིབས་དང་འཁྲིལ་ ཤིང་སྣ་དང་ སྲོག་ཆགས་སྣ་ཚོགས་ཀྱིས་ གང་ཡོདཔ་ཨིན། ཨིན་རུང་ འཛམ་གླིང་གངས་ལྗོངས་ནང་ …

Leave a Reply

Your email address will not be published. Required fields are marked *