བཀྲིས་སྒང་རྫོང་ཁག་ཁྲིམས་འདུན།

མེ་རག་རྒེད་འོག་འཁོར་ལམ་གྱི་ ཉོགས་བཤད་བཤེར་ཡིག་ཕྱིར་འབུད་བཏང་ཡོདཔ།

༉ ཁ་ཙ་ བཀྲིས་སྒང་རྫོང་ཁག་ཁྲིམས་འདུན་གྱིས་ སྣ་ཚོགས་ཉན་གསན་མཛད་ཐོག་ལས་ མེ་རག་རྒེད་འོག་ལྟེ་བའི་ འཁོར་ལམ་རྩི་ནག་གཏང་ནིའི་ རྩོད་དོན་དེ་ ཕྱིར་འབུད་བཏང་ཡོདཔ་ལས་ གཞུང་གི་ བཀའ་རྒྱ་ལུ་ ངོས་ལེན་འབད་དགོཔ་ཨིན་པས།
གཞུང་གི་བཀའ་རྒྱ་དེ་ཡང་ རྫོང་ཁག་ཚོགས་འདུ་གིས་ རྒེད་འོག་ལྟེ་བའི་ འཁོར་ལམ་རྩི་ནག་དེ་ གཤོང་ཕུག་རྒེད་འོག་ ལྕགས་གླིང་དང་ གཤོང་ཕུག་སྤྱི་འོག་༢ བརྒྱུད་དེ་མེན་པར་ ར་ལྡི་རྒེད་འོག་ མཁར་གདུང་བརྒྱུད་དེ་ གཏང་དགོཔ་ཨིན་པས།
སྤྱི་ཟླ་༧ པའི་༢༧ ལུ་ སྤྱི་འོག་དེ་གཉིས་ཀྱི་ ཚོགས་པ་༢ ཀྱིས་ གཡུས་མི་༤ འགོ་ཁྲིད་འབད་དེ་ རྫོང་ཁག་ཁྲིམས་འདུན་ལུ་ བཤེར་ཡིག་བཙུགས་ཏེ་ རྫོང་ཁག་ཚོགས་འདུའི་ གྲོས་ཆོད་ལུ་ བརྩི་བཀུར་དང་ གཞི་འཛིན་གནང་དགོ་པའི་ ཞུ་བ་ཕུལ་ཡོདཔ་ཨིན་པས།
ཁྲིམས་འདུན་གྱི་ ཕྱིར་འབུད་བཀའ་རྒྱ་ནང་ རྩོད་རྩ་གིས་ བཤེར་ཡིག་ནང་ ཁྲིམས་འདུན་ལས་ མི་སེར་ཉམ་ཆུང་ཚུ་ལུ་ དྲང་བདེན་འཐོབ་ནིའི་དོན་ལུ་ དབྱེ་ཞིབ་མཛད་གནང་ཟེར་ བཀོད་ཡོདཔ་མ་གཏོགས་ དབྱེ་དཔྱད་མཛད་དེ་ རྒུད་སྐྱོབ་ག་ཅི་གནང་དགོཔ་ཨིན་ན་ ཁ་གསལ་བཀོད་དེ་མིན་འདུག་ཟེར་ བཀོད་ནུག།
དེ་མ་ཚད་ འབྲུག་གི་ཞི་རྩོད་དང་ཉེས་རྩོད་བྱ་བའི་གནད་སྤྱོད་ཁྲིམས་དེབ་ཀྱི་ དོན་ཚན་༡༣༢.༡ ག་པའི་དགོངས་དོན་དང་འཁྲིལ་ མ་བཟོ་བའི་ ཉོགས་བཤད་ཀྱི་ བཤེར་ཡིག་ཨིན་པའི་ཁར་ རྩོད་རྩ་གིས་ཕུལ་མིའི་ གནད་དོན་ཚུ་ བདག་སྐྱོང་དང་འབྲེལ་བའི་ རྩོད་དོན་ཨིནམ་ལས་  ཁྲིམས་འདུན་གྱིས་ ལོགས་སུ་སྦེ་ དབྱེ་བཤེར་མཛད་ཐབས་མིན་འདུག་ཟེར་ ཕྱིར་འབུད་བཀད་རྒྱ་ནང་བཀོད་ནུག།
བྱ་བའི་གནད་སྤྱོད་ཁྲིམས་དེབ་ཀྱི་ དོན་ཚན་༡༣༢.༡ པ་དང་འཁྲིལཝ་ད་ ཉོགས་བཤད་ཀྱི་ བཤེར་ཡིག་ལུ་ ངེས་པར་བཀོད་དགོཔ་དེ་ཡང་ (ཀ) རྒུད་སྐྱོབ་ཐོབ་དབང་ཞིག་བཀོད་ནིའི་དོན་ལུ་ རན་ཚད་ལྡན་པའི་ གནས་ཚུལ་དང་ (ཁ) ཁྲིམས་འདུན་དབང་ཁྱབ་ཀྱི་ གཞི་ཁུངས་བརྗོད་དོན་ དེ་ལས་ (ག) རྒུད་སྐྱོབ་དོན་ལུ་སྨོན་འདེབས་ཚུ་ བཀོད་དགོཔ་ཨིན་པས།
ཁྲིམས་འདུན་གྱིས་ བྱ་བའི་གནད་སྤྱོད་ཁྲིམས་དེབ་ཀྱི་ དོན་ཚན་ཁག་མ་འདྲཝ་༡༠ གུ་ གཞི་བཞག་སྟེ་ དབྱེ་བཤེར་མཛདཔ་ད་ སྤྱི་འོག་དམངས་ཀྱི་ ངོ་ཚབ་གཉིས་ཀྱིས་ ཉོགས་བཤད་བཤེར་ཡིག་བཙུགས་མི་དེ་ ཁྲིམས་དེབ་དེ་གི་ དོན་ཚན་༡༣༢ པ་དང་༡༡༦/ ༡༢༠/༧༨/༡༠༩/༣༡/༡༡༥/༡༨༩/༩༦/ ༡༠༩ ཚུ་ལས་ འགལ་ནུག་ཟེར་བཀོད་ནུག།
ཁྲིམས་ཀྱི་ས་གོ་དེ་ཡང་ རྒུད་སྐྱོབ་གང་ཞིག་གི་དོན་ལུ་ ཞི་རྩོད་དང་འབྲེལ་བའི་ བཤེར་ཡིག་དེ་ དབང་ཁྱབ་ཡོད་པའི་ ཁྲིམས་ཀྱི་འདུན་སར་ ཕུལ་དགོ་ཟེར་ དོན་ཚན་༡༢༠ པའི་ནང་ འཁོད་དེ་ཡོདཔ་བཞིན་དུ་ དོན་ཚན་༡༠༩ པ་དང་འཁྲིལ་བ་ཅིན་ རྩོད་གཞི་རྩ་ཕན་གཅིག་གིས་ མངའ་འོག་གི་ ཁྲིམས་འདུན་ལས་གནང་བའི་ འཁྲུན་ཆོད་ཀྱི་འགལ་ཟླ་ལུ་ མཐོ་གཏུགས་ཞུ་ཆོག་ཟེར་ བཀོད་དེ་ཡོདཔ་ཨིན་པས།
ད་རེས་ཀྱི་ ཟླཝ་སྔ་ཆ་ལུ་ ཞབས་ཏོག་ལྷན་ཁག་གི་ དྲུང་ཆེན་གྱིས་ བཀྲིས་སྒང་རྫོང་བདག་ལུ་ གཞུང་གི་བཀའ་རྒྱ་དང་འཁྲིལ་ མེ་རག་རྒེད་འོག་ལྟེ་བའི་ འཁོར་ལམ་དེ་ མཁར་གདུང་བརྒྱུད་དེ་ གཏང་དགོ་པའི་སྐོར་ ཡི་གུ་བྲིས་ཡོདཔ་ད་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱིས་ཡང་ འཁོར་ལམ་གྱི་ རྩི་ནག་དེ་ མཁར་གདུང་བརྒྱུད་དེ་ གཏང་ནི་ཨིན་པའི་ དོགས་སེལ་འབད་ཡོདཔ་ཨིན་པས།
རྩོད་རྙོགས་དེ་ཡང་ ན་ཧིང་སྤྱི་ཟླ་༩ པའི་ནང་ རྫོང་ཁག་ཚོགས་འདུ་གིས་ རྒེད་འོག་ལྟེ་བའི་འཁོར་ལམ་དེ་ ལྕགས་གླིང་བརྒྱུད་དེ་ རྩི་ནག་གཏང་ནི་སྦེ་ གྲོས་ཐག་བཅད་ཡོདཔ་ཨིན་རུང་ གཞུང་གིས་ མཁར་གདུང་ལས་ རྩི་ནག་གཏང་དགོཔ་སྦེ་ བཀའ་རྒྱ་གནང་མི་ལུ་ གཤོང་ཕུག་དང་ ལྕགས་གླིང་གི་ མི་སེར་ཚུ་ སེམས་ཕམ་བྱུངམ་ལས་ ཁྲིམས་ཀྱི་འདུན་སར་ བཅར་ཡོད་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། བཀྲིས་གཡང་རྩེ།

 

About admin

Check Also

མོང་སྒར་ལུ་ ས་སྣུམ་མ་ལང་པའི་ དཀའ་ངལ་ཐོན་ཡོདཔ།

༉ མོང་སྒར་ཁྲོམ་ནང་སྡོད་མི་ སྣུམ་འཁོར་ཆུང་བའི་ ཇོ་བདག་ཅིག་ཨིན་མི་ རྒྱལ་མཚན་གྱིས་ རེས་གཟའ་ཕུར་བུ་ལུ་ ཁོ་རའི་ ལཱ་ཁག་ཆེ་ཏོག་ཏོ་ཅིག་ཐོན་ཏེ་ གླིང་མེད་ཐང་ལུ་ འགྱོ་ནིའི་དོན་ལས་ མོང་སྒར་ས་སྣུམ་བཀྲམ་སྤེལ་ཁང་ནང་ མར་ཁུ་བླུག་པར་ཚར་༢ དེ་ཅིག་འགྱོ་རུང་ ས་སྣུམ་མེད་ནི་དེ་གིས་ འཆར་གཞི་བཤོལ་བཞག་འབད་དགོཔ་ …

Leave a Reply

Your email address will not be published. Required fields are marked *