མི་སྡེ་ལྷབ་སྦྱང་ལྟེ་བ་ནང་ སྦྱོང་བརྡར་འབད་མི་ཚུ་གིས་ ཁོང་རའི་ལག་རྩལ་ཚུ་ འགྲེམས་སྟོན་འབད་བའི་བསྒང་།

མི་སྡེ་ལྷབ་སྦྱང་ལྟེ་བའི་ སྦྱོང་བརྡར་པ་ཚུ་གིས་ ལག་རྩལ་འགྲེམས་སྟོན་ འགོ་དང་པ་འབད་ཡོདཔ།

༉ གཞི་རྟེན་ཤེས་ཡོན་མཐར་འཁྱོལ་མི་ཚུ་གིས་ རང་སོའི་ལག་ཤེས་རིག་རྩལ་ འགྲེམས་སྟོན་འབད་ནིའི་དོན་ལུ་ ཐིམ་ཕུག་ལུ་ རྒྱལ་ཡོངས་གནས་ཚད་ཀྱི་ མི་སྡེ་ལྷབ་སྦྱང་ལྟེ་བའི་ འགྲེམས་སྟོན་འགོ་དང་པ་ འགོ་འདྲེན་འཐབ་མིའི་ནང་ བཅའ་མར་གཏོགས་ནུག།
སྤྱི་ཟླ་༩ པའི་ཚེས་༨ ལས་འགོ་བཙུགས་ ཉིན་གྲངས་༢ ཀྱི་རིང་ འགོ་འདྲེན་འཐབ་མི་ འགྲེམས་སྟོན་དེ་ཡང་ རྒྱལ་སྤྱི་འབྲི་ལྷག་ཤེས་ཡོན་གྱི་ཉིནམ་ བརྩི་སྲུང་འབད་ཐབས་ལུ་ཨིན་པས།
མི་སྡེ་ལྷབ་སྦྱང་ལྟེ་བ་དེ་ གཞི་རྟེན་ཤེས་ཡོན་ལས་རིམ་གྱི་ ཡན་ལག་ཅིག་ཨིནམ་ད་ གཞི་རྟེན་ཤེས་ཡོན་ མཐར་འཁྱོལ་མི་ཚུ་ལུ་ ཚེམ་རྐྱབ་ནི་དང་ འཚེམ་འདྲུབ་འཐུ་ནི་ ཤིང་བཟོ་ དེ་ལས་ འབྲེལ་ཡོད་རིག་རྩལ་ཚུ་ བྱིན་ནི་ལུ་དམིགས་ཏེ་ སྤྱི་ལོ་༢༠༠༠ ལུ་ གཞི་བཙུགས་འབད་ཡོདཔ་ཨིན་པས།
ལྟེ་བ་དེ་གིས་ སློབ་གྲྭ་བཤོལ་བཞག་མི་དང་ ཨ་ནེམོ་ དགེ་སློང་དང་ འབྲི་ལྷག་གི་ ཤེས་ཡོན་ཡོད་མི་ ལག་ཤེས་རིག་རྩལ་ལྷབ་ནི་གི་ དང་འདོད་ཡོད་ཚུ་ལུ་ཡང་ ལག་ཤེས་སྦྱོང་བརྡར་གྱི་ རིག་རྩལ་ཚུ་ བྱིན་དོ་ཡོདཔ་ཨིན་མས།
ལས་རིམ་དེ་ནང་ རྒྱལ་ཁབ་ནང་འཁོད་ལས་ མི་སྡེ་ལྷབ་སྦྱང་ལྟེ་བ་༢༢ ནང་ སྦྱོང་བརྡར་འབད་མི་དང་ ལྟེ་བ་འཛིན་སྐྱོང་པ་ཚུ་གིས་ རང་གིས་བཟོ་མི་ ཐོན་སྐྱེད་༡༠ དེ་ཅིག་ འགྲེམས་སྟོན་འབད་ནུག།
ན་ལོན་དང་ཆེ་རིམ་ལས་ཁུངས་ཀྱི་ གཞི་རྟེན་ཤེས་ཡོན་དང་ འཕྲོ་མཐུད་ཤེས་ཡོན་གྱི་ ལས་རིམ་གཙོ་འཛིན་འོགམ་ བསྟན་འཛིན་རབ་རྒྱས་ཀྱིས་ སླབ་མིའི་ནང་ ལས་རིམ་དེ་ཡང་ ད་ལྟོ་ཚུན་ ལྟེ་བ་དེ་ནང་ལས་ གཞི་རྟེན་ཤེས་ཡོན་མཐར་འཁྱོལ་མི་ཚུ་གིས་ རང་སོའི་རིག་རྩལ་ འགྲེམས་སྟོན་འབད་ནིའི་ གོ་སྐབས་མ་ཐོབ་མི་ལུ་བརྟེན་ འགོ་འདྲེན་འཐབ་ཅི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ འགྲེམས་སྟོན་ལུ་བརྟེན་ རིག་རྩལ་ལྷབ་སྦྱང་འབད་མི་ཚུ་གིས་ རང་སོའི་ཐོན་སྐྱེད་ཚུ་ ཚོང་ལམ་འཚོལ་ཞིབ་འབད་ནིའི་ རིག་རྩལ་དང་ ནང་འཁོད་ལུ་ཡང་ ཐབས་ཤེས་ཚུ་ བརྗེ་སོར་འབད་ནིའི་ གོ་སྐབས་འཐོབ་ཚུགས་ཟེར་ཨིན་པས།
དེ་མ་ཚད་ མི་སྡེ་ལྷབ་སྦྱང་ལྟེ་བ་སྐོར་ལས་ཡང་ གོ་བ་བརྡ་སྤྲོད་ སྤེལ་ཚུགས་ནི་དང་ ཐོན་སྐྱེད་ལུ་བརྟེན་ རང་སོའི་མི་ཚེ་ ཡུན་བརྟན་སྦེ་ སྐྱོང་ཐབས་ཀྱི་ རིག་རྩལ་འཐོབ་ནི་ལུ་ སེམས་ཤུགས་བསྐྱེད་བཅུགཔ་ཨིན་ཟེར་ བསྟན་འཛིན་རབ་རྒྱས་ཀྱིས་ བཤད་ཅི།
ལས་རིམ་དེ་ནང་ ཆུ་ཁ་རིན་ཆེན་རྩེ་མི་སྡེ་ལྷབ་སྦྱང་ལྟེ་བ་གིས་ ཕྱགས་སྙིགས་ཀྱིས་ བཟོ་ཡོད་པའི་ ཚོད་བསྲེ་འབག་ནིའི་ ཕད་ཅུང་དང་ མེ་ཏོག་ དེ་ལས་ སྐུ་ཐང་ཚུ་ འགྲེམས་སྟོན་འབད་ཡོདཔ་ཨིན་པས།
ལྟེ་བའི་ལས་རིམ་འཛིན་སྐྱོང་པ་གིས་ སླབ་མིའི་ནང་ ཕྱགས་སྙིགས་ཀྱི་ ཕད་ཅུང་བཟོ་ནིའི་ གནས་སྐབས་དེ་ཡང་ རྒྱལ་ཁབ་ནང་ ཆུ་ཤོག་ལག་ལེན་འཐབ་ནི་ བཀག་དམ་འབད་མི་ལུ་བརྟེན་ ཐོབ་ཡོདཔ་བཞིན་དུ་ ཕད་ཅུང་དེ་ ལོག་ལག་ལེན་བཏུབ་པའི་ཁར་ འབག་རུང་བདེ་ཏོག་ཏོ་ཡོད་ཟེར་ཨིན་པས།
ལྟེ་བ་དེ་ནང་ རིག་རྩལ་ལྷབ་སྦྱང་འབད་མི་༡༠ དེ་ཅིག་ཡོདཔ་ད་ ཁོང་ག་ར་ གཞི་རྟེན་ཤེས་ཡོན་མཐར་འཁྱོལ་མི་ཚུ་ཨིན་པས།
ལྷུན་རྩེ་མི་སྡེ་ལྷབ་སྦྱང་ལྟེ་བ་གིས་ ས་རྫམ་ཚུ་ འགྲེམས་སྟོན་འབད་ཡོདཔ་ད་ ལྟེ་བའི་འཛིན་སྐྱོང་པ་གིས་ སླབ་མིའི་ནང་ མ་གཞི་ སྦྱང་བ་འབད་མི་ཚུ་ ཀ་ལ་རྫམ་བཟོ་ནི་ལུ་ སྤྲོ་བ་ཡོད་རུང་ ས་ཐོན་ས་ སྒང་ཟུར་རྐྱངམ་གཅིག་ཨིནམ་ལས་ ཁོང་གིས་ བྱིན་མ་བཏུབ་པའི་ དཀའ་ངལ་འདུག་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ ད་ལྟོ་ ལྷུན་རྩེ་ལུ་ ཀ་ལ་རྫམ་བཟོ་མི་ ཨམ་སྲུ་གཅིག་ལས་བརྒལ་ མིན་འདུག་ཟེར་ཨིནམ་ད་ གལ་སྲིད་ ལྟེ་བ་གིས་ ཀ་ལམ་རྫམ་བཟོ་སྟེ་ ཚོང་འབྲེལ་འཐབ་པ་ཅིན་ རང་ལུགས་ཀྱི་ སྔར་སྲོལ་ཚུ་ཡང་ ཉམས་སྲུང་འབད་ཚུགས་ནི་མས་ཟེར་ཨིན་པས།
ལས་རིམ་དེ་ནང་ མང་ཤོས་ར་ འཚེམ་རྐྱབ་པའི་ ཐོན་སྐྱེད་ཚུ་ཡོདཔ་མ་ཚད་ ཆོས་ཆས་དང་ ནང་འཁོད་ཀྱི་ཐོན་སྐྱེད་ ཟླ་པ་དང་ ཤིང་ཕོར་ ཀི་དེབ་བཞག་ས་ཚུ་ཡང་ འགྲེམས་སྟོན་འབད་ཡོདཔ་ཨིན་པས།
འགྲེམམ་སྟོན་ནང་ བཅའ་མར་གཏོགས་མི་ཚུ་གིས་ འགྲེམ་སྟོན་དེ་ དུས་ཚོད་ཐུང་ཀུ་ཨིན་པའི་ཁར་ ས་གོ་དེ་ཡང་ ལེགས་ཤོམ་མེདཔ་ལས་ ཅ་ཆས་ཚུ་ ཚོང་འབྲེལ་འཐབ་ནི་ལུ་ ལཱ་ཁག་བཏང་ཡི་ཟེར་ བཤདཔ་ཨིན་པས།
འགྲེམས་སྟོན་ལས་རིམ་དེ་ཡང་ ཡུ་ནིསི་ཀོ་གི་ ཀོ་རི་ཡཱན་རྒྱལ་ཡོངས་ལྷན་ཚོགས་ཀྱི་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ འགོ་འདྲེན་ཡོདཔ་ད་ ད་རེས་ རྒྱལ་ཁབ་ནང་ མི་སྡེའི་ཤེས་ཡོན་སྦྱང་མི་༢༧༢ ཡོད་མིའི་གྲས་ལས་ མང་ཤོས་ར་ ཨམ་སྲུ་ཚུ་ཨིན་པས།
དེ་བཟུམ་སྦེ་ སྤྱི་ལོ་༢༠༡༨ ཀྱི་ ལོ་བསྟར་ཤེས་རིག་གནས་སྡུད་དང་འཁྲིལཝ་ད་ གཞི་རྟེན་ཤེས་ཡོན་ལྟེ་བ་༥༦༠ ཡོདམི་ཚུ་ནང་ གཞི་རྟེན་ཤེས་ཡོན་སྦྱང་མི་ ཨམ་སྲུ་༤,༢༢༩ དང་ ཕོ་སྐྱེས་༡,༧༨༨ བརྩིས་ཏེ་ བསྡོམས་༦,༠༡༧ དེ་ཅིག་ཡོདཔ་ཨིན་པས།
ལས་ཁུངས་ཀྱིས་ བདུན་སྐྱོད་ལས་རིམ་ནང་ སྤྱི་ལོ་༢༠༣༠ ནང་འཁོད་ལུ་ འབྲི་ལྷག་ཤེས་ཡོན་ བརྒྱ་ཆ་༡༠༠ གྲུབ་ཚུགསཔ་འབད་ནིའི་ དམིགས་གཏད་ཡོད་པའི་ཁར་ གཞི་རྟེན་ཤེས་ཡོན་གྱི་ འདྲ་མཉམ་གཞི་བཀོད་ལག་ལེན་ སྤྱི་ལོ་༢༠༢༣ འི་ནང་འཁོད་ལུ་ ད་རུང་ མི་སྡེ་ལྷབ་སྦྱང་ལྟེ་བ་༣༠ གཞི་བཙུགས་འབད་ནི་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

ཀེ་བ་སྦོམ་ཆུང་དང་འཁྲིལ་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༡༩ དང་༢༤ གི་བར་ན་ བཙོང་དོ་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ འབྲུག་བཟའ་སྤྱོད་ལས་འཛིན་གྱི་ རིན་བསྡུར་ཁང་ནང་ ཀེ་བ་བཙོང་པར་ འབག་འོང་མི་ སོ་ནམ་པ་ཚུ་ སེམས་དགའ་སྟེ་ཡོད་མི་དེ་ཡང་ ད་ལྟོ་ གོང་ཚད་ལེགས་ཤོམ་ཐོབ་ནི་དེ་གིས་ཨིན་པས། ཁ་ཙ་ ཀེ་བ་རིན་བསྡུར་ཐོག་ལས་བཙོངམ་ད་ ཀེ་བ་དམརཔོ་སྦོམ་ ཀེ་ཇི་རེ་གིས་ མཐོ་ཤོས་དངུལ་ཀྲམ་༢༤ …

Leave a Reply

Your email address will not be published. Required fields are marked *