འབྲུག་བཟའ་སྤྱོད་ལས་འཛིན་གྱི་ འགོ་དཔོན་གྱིས་ རིན་བསྡུར་མ་འབད་བའི་ཧེ་མར་ ཨ་ལཱན་ཅིའི་ སྤུས་ཚད་བརྟག་ཞིབ་འབད་བའི་བསྒང་།

མི་སེར་ཚུ་ ཨ་ལཱན་ཅིའི་ གོང་ཚད་ལུ་ སེམས་དང་མ་ལྡན་པར་ཡོདཔ།

༉ རྩི་རང་གི་ སོ་ནམ་པ་ཚུ་ འགྲམ་ཕུག་ལུ་ཡོད་མི་ འབྲུག་བཟའ་སྤྱོད་ལས་འཛིན་གྱི་ རིན་བསྡུར་ཁང་ནང་ ལྷོད་པའི་སྐབས་ སེམས་མ་དགའ་བའི་ རྣམ་འགྱུར་སྟོནམ་ཨིན་པས།
འདས་པའི་བདུན་ཕྲག་ནང་ གཞུང་གིས་ སོ་ནམ་པ་ཚུ་གི་ ཨ་ལཱན་ཅི་ཉོ་ནི་སྦེ་ གསལ་བསྒྲགས་འབདཝ་ད་ མནྡལ་སྒང་ལས་ རིག་འཛིན་རྡོ་རྗེ་དེ་ སེམས་དགའ་ཡོདཔ་ཨིན་རུང་ ཨ་ལཱན་ཅིའི་ གོང་ཚད་དེ་ ཁོ་གི་རེ་བ་ལྟར་དུ་ ཐོབ་མ་ཚུགས་པས།
གཞུང་གིས་ ཨ་ལཱན་ཅི་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༤༧༠ རེ་ཐོབ་ཟེར་ ཁྱབ་བསྒྲགས་འབད་ཡོད་རུང་ ཐོན་སྐྱེད་ག་ར་གིས་ གོང་ཚད་འདྲན་འདྲ་ཐོབ་མ་ཚུགས་པས།
ཨ་ལཱན་ཅི་ཀེ་ཇི་༦༠ ཡོད་མི་ རིག་འཛིན་རྡོ་རྗེ་གིས་ སླབ་མིའི་ནང་ སོ་ནམ་པ་ལ་ལོ་གིས་ དངུལ་ཀྲམ་༤༡༥ ལས་བརྒལ་ ཐོབ་མ་ཚུགས་པས་ཟེར་ཨིན་པས།
ཨ་ལཱན་ཅིའི་ གོང་ཚད་མ་འདྲཝ་སྦེ་ ཐོབ་མི་དེ་ཡང་ འབྲུག་བཟའ་་སྤྱོད་ལས་འཛིན་གྱི་ འགོ་དཔོན་ཚུ་གིས་ ཨ་ལཱན་ཅིའི་ སྤུས་ཚད་དང་འཁྲིལ་ གོང་ཚད་སྤྲོད་ནི་དེ་གིས་ཨིནམ་ད་ ཁོང་གིས་འབད་བ་ཅིན་ གོང་ཚད་མཐོ་ཤོས་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༤༧༠ དང་ དམའ་ཤོས་དངུལ་ཀྲམ་༣༩༠ ལས་བརྒལ་མི་འཐོབ་ཟེར་ཨིན་པས།
མནྡལ་སྒང་ལས་ པ་སངས་ལྷ་མོ་གིས་ སླབ་མིའི་ནང་ མ་གཞི་ མོ་གིས་ དངུལ་ཐོག་དེ་ རིན་བསྡུར་ཐོག་ལས་ བཙོང་ནི་གི་ མནོ་བསམ་བཏང་ཡོད་རུང་ འགོ་དཔོན་ཚུ་གིས་ མོ་ལུ་ གོང་ཚད་ལེགས་ཤོམ་ མི་ཐོབ་ཟེར་ སླབ་མི་ལུ་བརྟེན་ གོང་ཚད་ལེགས་ཤོམ་སྤྲོད་མི་ ཚོང་པ་ཚུ་ལུ་ བཙོང་ནི་སྦེ་ བཞག་ཅི་ཟེར་ཨིན་པས།
དངུལ་ཐོག་ཨ་ལཱན་ཅི་འཛུགས་སྐྱོང་གི་དོན་ལུ་ ལཱ་འབད་མི་ཚུ་ལུ་ བཞེས་སྒོ་དང་ འཐུང་ནི་ཚུ་ནང་ ཟད་འགྲོ་འབོར་ཆེ་ཏོག་ཏོ་སྦེ་ བཏང་ཡོདཔ་ལས་ རྒུད་ཕོག་ནི་མས་ཟེར་ཨིནམ་ད་ འདས་པའི་ཟླཝ་དག་པ་ཅིག་ནང་ ཐིམ་ཕུག་གི་ ཚོང་པ་ཚུ་ལུ་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༥༥༠ སྦེ་ ཨ་ལཱན་ཅི་ཀེ་ཇི་༥ བཙོང་ཡི་ཟེར་ པ་སངས་ལྷ་མོ་གིས་ བཤདཔ་ཨིན་པས།
རྩི་རང་སྟོད་ལས་ བདེ་ཆེན་དབང་མོ་གིས་ སླབ་མིའི་ནང་ རིན་བསྡུར་ཁང་གིས་ ཨ་ལཱན་ཅི་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༤༡༥ རེ་བྱིན་འོང་ཟེར་ རེ་བ་བསྐྱེད་རུང་ གོང་དེ་ཅིག་ སྤྲོད་ནི་མེདཔ་ལས་ ཆ་རོགས་ཚུ་དང་ བསྟུན་གྲོས་འབད་དེ་ ཚོང་པ་ཚུ་ལུ་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༤༣༠ རེ་སྦེ་ བཙོང་ཡི་ཟེར་ཨིན་པས།
རྫོང་ཁག་སོ་ནམ་འགོ་དཔོན་ རྡོ་རྗེ་རྒྱལ་མཚན་གྱིས་ སླབ་མིའི་ནང་ ཞལ་འཛོམས་དེ་ སྤྱི་ཟླ་༣ པའི་ནང་ འགོ་འདྲེན་འཐབ་ཐོག་ལས་ གཞུང་གིས་ ཨ་ལཱན་ཅི་ ཉོ་ནིའི་སྐོར་ལས་ གྲོས་བསྟུན་དང་ བརྡ་སྤྲོད་འབད་དེ་ རིན་བསྡུར་འབད་ནིའི་ ཚེ་གྲངས་ཚུ་ གཏན་འཁེལ་བཟོ་ཡི་ཟེར་ཨིན་པས།
ཞལ་འཛོམས་དེ་ནང་ གཞུང་གི་ ཨ་ལཱན་ཅི་ མཁོ་སྒྲུབ་འབད་ནིའི་ ལམ་སྟོན་དང་ མ་འོངས་པ་ལུ་ ག་དེ་སྦེ་ འགྱོ་ནི་ཨིན་ནའི་སྐོར་ལས་ཡང་ གྲོས་བསྟུན་འབད་ཡི་ཟེར་ རྡོ་རྗེ་རྒྱལ་མཚན་གྱིས་ བཤདཔ་ཨིན་པས།
ཨ་ལཱན་ཅིའི་ གོང་ཚད་དེ་ཡང་ བཙོང་ཁྲོམ་གྱི་ གོང་ཚད་ལུ་ གཞི་བཞག་ཐོག་ལས་ སོ་ནམ་དང་ ཚོང་འབྲེལ་མཉམ་ལས་ཁུངས་ཀྱིས་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༤༧༠ སྦེ་ བཟོ་ཡོདཔ་ཨིན་པས།
སྤྱི་ཟླ་༤ པའི་ཚེས་༡༡ ཚུན་ སོ་ནམ་པ་ཚུ་གིས་ རྩི་རང་ལུ་ འབྲུག་བཟའ་སྤྱོད་ལས་འཛིན་གྱི་ རིན་བསྡུར་ཁང་ནང་ ཨ་ལཱན་ཅི་ མེ་ཊིཊ་ཊཱོན་༥,༠༠༠ དེ་ཅིག་ འབག་འོང་ཡོད་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

 

About admin

Check Also

རང་བྱུང་སློབ་གྲྭ་ལྟེ་བའི་ སློབ་ཕྲུག་སྡེ་ཚན་ཅིག་གིས་ གསོལ་ཁ་གཏང་ནི་དང་ ཆོས་ཆས་ལག་ལེན་འཐབ་ཐངས་ཚུ་ ལྷབ་སྦྱང་འབད་དོ་ཡོདཔ།

༉ བཀྲིས་སྒང་ རང་བྱུང་སློབ་གྲྭ་ལྟེ་བའི་ སློབ་ཕྲུག་སྡེ་ཚན་ཅིག་གིས་ སློབ་གྲྭའི་ཆོས་ཚན་རྐྱངམ་གཅིག་གིས་མ་ཚད་པར་ ཆོས་ཕྱོགས་ཀྱི་ལས་རིམ་ནང་ བཅའ་མར་གཏོགས་ཏེ་ གསོལ་ཁ་གཏང་ནི་དང་ ཆོས་ཆས་ལག་ལེན་འཐབ་ཐངས་ཚུ་ཡང་ ལྷབ་སྦྱང་འབད་དོ་ཡོདཔ་ཨིན་པས། དེ་ཡང་ སློབ་ཕྲུག་སྡེ་ཚན་ཅིག་གིས་ དྲོ་པ་ཨ་རྟག་ར་ ཆུ་ཚོད་༥ ལས་ …

Leave a Reply

Your email address will not be published. Required fields are marked *