མི་སེར་གྱི་ གདམ་ཁ་ལུ་ བརྩི་མཐོང་མེད་པའི་མངོན་གསལ།

༉ སྤྱི་ཚོགས་དང་འབྲེལ་བའི་ བཙག་འཐུ་ཚར་རེ་ འགོ་འདྲེན་འཐབ་ད་ སྲིད་ཚོགས་དང་ སྲིད་དོན་གཅིག་གིས་གཅིག་ལུ་ སྐྱོན་བརྗོད་དང་ དམའ་ཕབ་རྐྱབ་ཐོག་ལས་ སྐུལ་བསྒྲགས་འབད་དེ་ མི་སྡེ་དབྱེ་ཁག་བཟོཝ་མ་ཚད་ འཁོན་ཞུགས་བཅུགཔ་ཨིན་རུང་ བཙག་འཐུ་མཇུག་བསྡུ་བའི་བསྒང་ལས་ དེ་ཚུ་ འགྲོས་ཀྱིས་སྦེ་ བརྗེད་འགྱོ་ནི་དེ་ དམངས་གཙོའི་རིང་ལུགས་ཀྱི་ འགྲོས་སྟངས་ཅིག་ཨིན་མས།
འབྲུག་ལུ་ཡང་ སྤྱི་ཚོགས་གསུམ་པའི་ བཙག་འཐུ་མཇུ་བསྡུ་སྟེ་ མི་སེར་དང་ རྒྱལ་ཁབ་འདི་ སྲིད་ཀྱི་གནས་སྟངས་ཀྱིས་ ལུང་ཕྱོགས་དང་ མི་སྡེ་ཁག་དབྱེ་བཏང་སྟེ་ གཅིག་གིས་གཅིག་ལུ་ བློ་གཏད་དང་ མཉམ་འབྲེལ་མེདཔ་བཟོ་ནི་དེ་ མི་སེར་ཚུ་ ལོག་གཅིག་སྒྲིལ་དང་ གཅིག་མཐུན་བཟོ་ནིའི་ མདུན་ལམ་ལུ་ ཞུགས་ཏེ་ཡོདཔ་ཨིན།
ཨིན་རུང་ ད་རེས་ནངས་པར་ གཞུང་སྐྱོང་དང་ ལྡོག་ཕྱོགས་ཚོགས་པ་གཉིས་ཀྱི་བར་ན་ ཁ་རྩོད་རྐྱབ་མི་དང་ འཁོན་འཛིན་ལང་མི་ལུ་བལྟཝ་ད་ བཙག་འཐུ་གྲུབ་མི་ འགོ་ཁྲིདཔ་ཚུ་གིས་ ལུང་ཕྱོགས་དང་ མི་སྡེ་དབྱེ་ཁག་བཟོ་ནི་དེ་ བཤོལ་མ་བཞག་པར་ ཧེང་སྐལ་ར་ འཁོན་ཞུགས་བཅུག་པའི་ བརྡ་མཚོན་སྟོནམ་མས།
རྒྱལ་ཡོངས་ཀྱི་ གནས་རིམ་ནང་འབད་བ་ཅིན་ སྲིད་ཚོགས་གཉིས་ཀྱིས་ དངུལ་ཕོགས་ཡར་སེང་དང་ གཞལམ་སྒང་རྫོང་ཁག་གི་དོན་ལུ་ ལྟ་བཤལ་དང་འབྲེལ་བའི་ གཙོ་རིམ་ལས་རིམ་དེ་ མི་སེར་ཚུ་གི་དོན་ལུ་ འབྲེལ་གནད་སྦོམ་ཡོད་མིའི་སྐོར་ལས་ རྩོད་འགྲན་འབད་དགོཔ་ཨིན་རུང་ སྲིད་དོན་གྱི་དབང་ལུ་ཐལ་ཏེ་ གཅིག་གིས་གཅིག་ལུ་ སྐྱོན་བརྗོད་དང་ ཁ་བཏང་མི་དེ་གིས་ ང་བཅས་རའི་ སྲིད་དོན་པ་ཚུ་ མེས་མ་བཏགསཔ་བཟུམ་སྦེ་ གསལ་སྟོན་འབདཝ་ལས་ སེམས་ཕམ་བྱུངམ་མས།
དེ་གི་ནང་དོན་ཉིད་ལས་ ལྡོག་ཕྱོགས་ཚོགས་པ་དེ་ ག་ཅི་སྦེ་ གཞུང་སྐྱོང་སྦེ་ བཙག་འཐུ་མ་གྲུབ་ཨིན་ན་དང་ ཁྱད་པར་བཟོ་མ་ཚུགས་མི་དང་ ཕན་རླབས་མེད་པའི་ འཐུས་མི་ལ་ལོ་ཅིག་ མི་སེར་གྱིས་ ནན་བསྐྱར་དུ་ བཙག་འཐུ་འབད་མི་ལུ་ དྲི་བ་བཀོད་མི་དེ་གིས་ཡང་ མི་སེར་གྱི་ གདམ་ཁ་ལུ་ ངོས་ལེན་མེདཔ་བཟུམ་ཅིག་སྦེ་ གསལ་སྟོན་འབདཝ་མས།
ལ་ལོ་གིས་འབད་བ་ཅིན་ ལྡོག་ཕྱོགས་ཚོགས་པའི་ འཐུས་མི་ལ་ལོ་ཅིག་ རྒྱལ་ཁབ་ནང་ དམངས་གཙོའི་རིང་ལུགས་ འགོ་བཙུགས་ཞིནམ་ལས་ཚུར་ མི་སེར་གྱི་ འཐུས་ཚབ་སྦེ་ གྲལ་གཏོགས་འབད་བའི་ ཉམས་མྱོང་དང་ ཁྱད་རིག་ཚུ་ཡོད་རུང་ དེ་ཚུ་ལུ་ མ་གུས་པར་ ངོ་རྐྱང་ལུ་ ཁ་བཏང་མི་དེ་ འོས་ལྡན་ཅིག་ མ་མཐོང་ཟེར་ཨིན་མས།
གཞུང་སྐྱོང་ཚོགས་པ་གིས་ སྐུལ་བསྒྲགས་ཀྱི་སྐབས་ལུ་ འདས་པའི་བཙག་འཐུ་ཚུ་ནང་ མི་སྡེ་ཁག་དབྱེ་བཏང་མི་དང་ འཆམ་མཐུན་མེདཔ་བཟོ་མི་དེ་ གཅིག་སྒྲིལ་དང་ འཆམ་ཏོག་ཏོ་བཟོ་ནི་ལུ་ ཤུགས་བཏོན་ནི་ཨིན་ཟེར་ སླབ་ཡོད་རུང་ ད་རེས་འབད་བའི་བསྒང་ལས་ འཐུས་མི་རེ་གཉིས་ལུ་ མཛུབ་མོ་དཔག་ཐོག་ལས་ མི་སེར་གྱི་ སེམས་དཀྲོག་མི་ཟེར་ སླབ་མི་དང་་ གཞལམ་སྒང་གི་ མི་སེར་ཚུ་ལུ་ འཐུས་མི་གདམ་འཐུ་འབད་ཐངས་ལུ་ དྲི་བ་བཀོད་མི་དེ་ ཧ་ལས་སི་སི་དང་ རྣམ་རྟོང་ལང་སི་སི་ཅིག་ཨིན་མས།
གཞུང་སྐྱོང་དང་ ལྡོག་ཕྱོགས་གཉིས་ཆ་ར་གིས་ རྒྱལ་ཁབ་དང་ མི་སེར་གྱི་མཐའ་དོན་ལུ་ འཁོན་འཛིན་ཚུ་ མེདཔ་བཟོ་ཐོག་ལས་ གཅིག་མཐུན་དང་ མཉམ་འབྲེཤ་ཐོག་ལས་ ཕྱག་ལཱ་གནང་ནི་ཟེར་ སླབ་མི་དེ་ སྲིད་དོན་དང་འབྲེལ་བའི་ ཐབས་བྱུས་རྐྱངམ་གཅིག་ཨིནམ་ལས་ ལག་ལེན་དངོས་བསྟར་ནང་ལྷོདཔ་ད་ གཅིག་གིས་གཅིག་ལུ་ སྒོང་རྡོག་གུ་ལས་ ཟུར་འཚོལ་ཏེ་ དམའ་ཕབ་དང་ སྐྱོན་བརྗོད་ཐོག་ མི་སྡེ་ཁག་དབྱེ་གཏང་ནི་ལུ་ར་ གཙོ་རིམ་བཟུང་སྡོད་པ་ཅིན་ འབྲུག་གི་དམངས་གཙོའི་རིང་ལུགས་དེ་ མཐར་འཁྱོལ་ཅན་སྦེ་ མདུན་ལམ་ལུ་ ཞུགས་མི་ཚུགས་།
དང་ཕུའི་དཔྱེ་གཏམ་ནང་ མི་ལུ་སྐྱོན་མེདཔ་དང་ ཤིང་ལུ་འཛེརཔ་མེདཔ་མེད།ཟེར་ སླབ་སྲོལ་ཡོདཔ་བཟུམ་ ནོར་སྐྱོན་ག་ལུ་ཡང་ འོང་སྲིད་རུང་ ད་ལྟོ་ དབང་ཚད་ཁར་ཡོད་མི་ གཞུང་སྐྱོང་ཚོགས་པ་གིས་ སྲིད་བྱུས་དང་ འཆར་གཞི་ལས་རིམ་ཚུ་ བསྒྱུར་བཅོས་འབད་དགོ་པའི་ གནད་ཁུངས་ཚུ་ དྭངས་གསལ་སླབ་ནི་མ་གཏོགས་ མི་སེར་ཚུ་གི་ གདམ་ཁ་ལུ་ མེས་མེད་བསྐྱུར་ནི་མེན་པར་ གུས་ཞབས་འབད་དགོ།
ང་བཅས་ཀྱི་ སྲིད་དོན་པ་ཚུ་གིས་ རྒྱལ་ཁབ་དང་ མི་སྡེ་དབྱེ་ཁག་བཟོ་ནི་ཚུ་ མཚམས་འཇོག་ཐོག་ མི་སེར་ཚུ་ལུ་ ཕན་རླབས་ཆེ་བའི་ ལས་རིམ་ཚུ་ མཁོ་སྤྲོད་ནི་དེ་ གཙོ་རིམ་བཟུང་དགོཔ་ གལ་ཆེཝ་ཨིནམ་ ཧ་གོ་དགོཔ་འདུག།

About admin

Check Also

རང་བྱུང་སློབ་གྲྭ་ལྟེ་བའི་ སློབ་ཕྲུག་སྡེ་ཚན་ཅིག་གིས་ གསོལ་ཁ་གཏང་ནི་དང་ ཆོས་ཆས་ལག་ལེན་འཐབ་ཐངས་ཚུ་ ལྷབ་སྦྱང་འབད་དོ་ཡོདཔ།

༉ བཀྲིས་སྒང་ རང་བྱུང་སློབ་གྲྭ་ལྟེ་བའི་ སློབ་ཕྲུག་སྡེ་ཚན་ཅིག་གིས་ སློབ་གྲྭའི་ཆོས་ཚན་རྐྱངམ་གཅིག་གིས་མ་ཚད་པར་ ཆོས་ཕྱོགས་ཀྱི་ལས་རིམ་ནང་ བཅའ་མར་གཏོགས་ཏེ་ གསོལ་ཁ་གཏང་ནི་དང་ ཆོས་ཆས་ལག་ལེན་འཐབ་ཐངས་ཚུ་ཡང་ ལྷབ་སྦྱང་འབད་དོ་ཡོདཔ་ཨིན་པས། དེ་ཡང་ སློབ་ཕྲུག་སྡེ་ཚན་ཅིག་གིས་ དྲོ་པ་ཨ་རྟག་ར་ ཆུ་ཚོད་༥ ལས་ …

Leave a Reply

Your email address will not be published. Required fields are marked *