མི་མང་ལུ་ མགུ་འཐོམ་བཅུག་ནི་མེན་པར་ བརྡ་ དོན་ཚུལ་ལྡན་སྤེལ་དགོཔ།

༉ ནད་ཡམས་ཀོ་རོ་ན་བའེ་རཱསི་དེ་ ད་རེས་ནངས་པར་ འཛམ་གླིང་ནང་ གནོད་སྐྱོན་ཚབས་ཆེན་སྦེ་ རྐྱབ་མི་ཅིག་ལུ་ གྱུར་ཡོད་མི་དེ་ཡང་ འཛམ་གླིང་གི་ མི་འབོར་བསྡོམས་དུང་ཕྱུར་༧.༨ དེ་ཅིག་ཡོད་མི་ལས་ ཁ་ཙ་ཚུན་ཚོད་ མི་གྲངས་༥༣༧,༨༧༣ ལུ་COVID-19 ནད་འབུབ་ཐོབ་ཡོདཔ་མ་ཚད་ མི་༢༤,༡༤༩ དེ་ཅིག་ལུ་ ཤི་རྐྱེན་བྱུང་ནུག།
ནད་འབུབ་དེ་ འབྲུག་རྒྱལ་ཁབ་བརྩིས་ཏེ་ འཛམ་གླིང་རྒྱལ་ཁབ་༡༨༠ ལྷགཔ་ཅིག་ནང་ ཁྱབ་སྤེལ་སོང་ཡོདཔ་ལས་ བཀག་འཛིན་འབད་ནིའི་དོན་ལུ་ གདོང་ལེན་འབད་བའི་བསྒང་ཡོད་རུང་ ཕྱོགས་གཅིག་ལས་ མ་བདེན་པའི་ གནས་ཚུལ་རྫུས་མ་ཁྱབ་སྤེལ་འབད་མི་དེ་གིས་ ནད་ཡམས་ཀྱི་ གནས་སྟངས་དེ་ ལྷག་པར་དུ་ སྐྱོ་དྲགས་བཟོཝ་ཨིན་མས།
འཛམ་གླིང་རྒྱལ་ཁབ་ག་ཏེ་ནང་འབད་རུང་ གདུག་ཅན་གྱི་ནད་འབུབ་ ལྷག་པར་དུ་ ཁྱབ་སྤེལ་འགྱོ་ནི་ལས་ བཀག་ཐབས་ལུ་ ཐབས་ལམ་སྣ་ཚོགས་བཏོན་ཏེ་ གདོང་ལེན་འབད་བའི་བསྒང་ཡོད་རུང་ དབང་འཛིན་འགོ་དཔོན་ཚུ་ རྫུན་གཏམ་དང་ མ་བདེན་པའི་ གནས་ཚུལ་ཁྱབ་སྤེལ་འབད་མི་ དེ་ལས་ བྱུང་ཁུངས་སོ་སོ་ལས་ བརྡ་དོན་འདྲ་མ་འདྲཝ་ལེ་ཤ་ སྤེལ་མི་ལུ་བརྟེན་ མི་སེར་ཚུ་ འདྲོག་བྱེལ་དང་ སྤྱགས་སྡུག་འཐབ་ མགུ་འཐོམ་བཅུགཔ་ཨིན་མས།
འབྲུག་ལུ་ཡང་ ཀོ་རོ་ན་བའེ་རཱསི་ནད་འབུབ་ལྷོད་ཡོད་མི་ལུ་བརྟེན་ གཞུང་དང་ གསོ་བའི་ཁ་ཐུག་ལས་ མི་མང་ལུ་ གསོ་བའི་བསླབ་བྱ་དང་ དྲན་གསོ་ཚུ་འབད་བཞིན་དུ་ཡོད་རུང་ ནད་ཡམས་དེ་ལུ་ དགོད་བྲ་སྒྱུར་ནི་དང་ མེས་མེད་བསྐྱུར་ནི་ དེ་ལས་ བརྡ་དོན་ཕྱི་འགྱུར་སྤེལ་མི་དེ་གིས་ མི་སེར་རྐྱངམ་གཅིག་ མགུ་འཐོབ་བཅུགཔ་མེན་པར་ COVID-19 ལུ་ གདོང་ལེན་འབད་ནི་གི་ འབད་རྩོལ་ལུ་ བར་ཆད་རྐྱབ་ཨིན་མས།
དཔེར་ན་ སྤྱི་ཟླ་༣ པའི་ཚེས་༢༣ ལུ་ སོ་ནམ་བློན་པོ་གིས་ ཚོད་བསྲེ་དང་ ཤིང་འབྲས་ དེ་ལས་ རྡོག་མ་པ་ནེ་ཚུ་ ནང་འདྲེན་བཀག་དམ་འབད་བའི་སྐོར་ བརྡ་དོན་ཁྱབ་སྤེལ་སོང་པའི་ཤུལ་ལུ་ རྒྱལ་ས་ལྟེ་བ་དང་ ཉེ་འདབས་ཀྱི་ རྫོང་ཁག་ཚུ་ནང་ མི་སེར་སྤྱགས་སྡུག་འཐབ་སྟེ་ ཚོད་བསྲེ་མི་འཐོབ་ནི་མས་ཟེར་ ཚོད་བསྲེ་ཁྲོམ་ཚུ་ནང་ གོ་ཐོབ་རྐྱབ་སྟེ་འགྱོ་སར་ མཐོང་གསལ་བྱུང་ཡི།
ཉིནམ་༢ ཀྱི་རྒྱབ་ལས་ སྤྱི་ཟླ་༣ པའི་ཙུ་༢༦ ལུ་ སོ་ནམ་ལྷན་ཁག་གིས་ ཤིང་འབྲས་དང་ ཚོད་བསྲེའི་རིགས་ ནང་འདྲེན་བཀག་དམ་འབད་འབདཝ་མེད་ཟེར་ གཞུང་འབྲེལ་ཁྱབ་བསྒྲགས་མ་འབདཝ་ལས་ སོ་ནམ་བློན་པོ་གིས་ བརྡ་དོན་བྱིན་མི་དང་འཁྲིལ་ བརྡ་བརྒྱུད་ཚུ་གི་ཐོག་ལས་ མི་མང་ལུ་ བརྡ་དོན་ཁྱབ་སྤེལ་འབད་མི་དེ་ མ་བདེན་པའི་ རྫུན་གཏམ་ཅིག་ལུ་ གྱུར་སོ་ཡི།
མ་གཞི་ ཁ་ཙ་ གཞུང་གི་ཧོངས་ལས་ དོགས་སེལ་གནང་ཡོད་རུང་ མི་མང་ལུ་ སྤྱགས་སྡུག་འཐབ་བཅུག་མི་དེ་ གཙོ་བོ་ར་ མི་སེར་ལས་ བཙག་འཐུ་གྲུབ་མི་ སྤྱི་གཡོགཔ་དང་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་འོག་ལུ་ཡོད་མི་ ཆེ་མཐོའི་འགོ་དཔོན་ཚུ་གི་བར་ན་ བརྡ་དོན་དང་ མཉམ་འབྲེལ་མེད་པར་ བརྡ་ལོག་བྱུང་མི་ལུ་བརྟེན་ ཨིནམ་བཟུམ་འདུག།
ད་རེས་ནངས་པར་ བརྡ་བརྒྱུད་ནང་ ལཱ་འབད་མི་དང་ སྤྱིར་བཏང་མི་སེར་ཚུ་ལུ་ མགུ་འཐོམ་བྱུང་མི་དེ་ གཙོ་བོ་ར་ ལྷན་ཁག་དང་ བློན་ཆེན་གྱི་ཡིག་ཚང་ དེ་ལས་ གསོ་བ་ལྷན་ཁག་དང་ ལས་སྡེ་གཞན་ཚུ་གིས་ བརྡ་དོན་ཚུ་ དང་པ་ར་ མི་སྡེ་བརྒྱུད་ནང་ལས་པར་ བཙུགསཔ་ད་ རྗེས་དཔྱད་འབད་མི་ཚུ་གིས་ ལྷག་པར་དུ་ ཁྱབ་སྤེལ་བཏངམ་ད་ བརྡ་དོན་དང་ གསལ་བསྒྲགས་ཚུ་ ངེས་བདེན་ཨིན་མེན་ བདེན་དཔྱད་འབད་བར་ ལཱ་ཁག་བཏངམ་མས།
གནས་ཚུལ་དང་ བརྡ་དོན་འདི་བཟུམ་ སྤེལ་མི་དེ་གིས་ ཕན་ཁྱད་མེན་པར་ ཧེང་སྐལ་ར་ གནོད་པ་རྐྱབ་མ་ཚད་ མི་ཚུ་ལུ་ཡང་ དོན་མེད་ཐོག་ འདྲོག་བྱེལ་དང་ སྤྱགས་སྡུག་འཐབ་བཅུགཔ་ཨིན་མས།
མི་མང་དང་ རྒྱལ་ཁབ་ཀྱི་ མཐན་དོན་ལུ་ ཕྱག་ཞུ་མི་ ལས་སྡེ་ཁག་སོ་སོ་དང་ འགོ་དཔོན་ཚུ་གི་བར་ན་ མཉམ་འབྲེལ་དང་ བརྡ་དོན་སྤྲོད་ལེན་ལམ་ལུགས་ ལེ་ཤ་ཡོད་པ་ཅིན་ དཀའ་ངལ་ལེ་ཤ་ཅིག་ར་ སེལ་ཚུགས་ནི་དང་ གཞུང་དངུལ་དང་ དུས་ཚོད་ཚུ་ཡང་ འཕྲོ་བརླག་མི་འགྱོ།
ད་རེས་ རྒྱལ་ཁབ་ཀྱིས་ ང་བཅས་རའི་མི་ཚུ་ ནད་ཡམས་ལས་ སྔོན་འགོག་དང་ ཉེན་སྲུང་དང་ལྡནམ་སྦེ་ བཞག་ནི་ལུ་ གཙོ་བོར་བཏོནམ་ད་ མི་མང་གི་ བརྡ་དོན་ཚུ་ཡང་ ཚུལ་ལྡན་སྦེ་ སྤྲོད་དགོཔ་བཞིན་དུ་ གོ་བ་བརྡ་ལོག་སྤྲོད་མི་ཚུ་ལུ་ འགན་འཁྲི་བཀལ་དགོ།

About admin

Check Also

སྤྱི་ཟླ་༦ པའི་ནང་ བདེན་མཆིས་རྫོང་ གསར་བཞེངས་ཀྱི་ལཱ་ ཡོངས་རྫོགས་མཇུག་བསྡུ་ནི།

༉ པདྨ་དགའ་ཚལ་ བདེན་མཆིས་རྫོང་ གསར་བཞེངས་འབད་ནི་ འགོ་བཙུགས་ཏེ་ ལོ་༥ དེ་ཅིག་གི་རྒྱབ་ལས་ ད་རིས་ཀྱི་ཟླཝ་ནང་ བསྒྲུབ་ནི་ཨིན་པས། དེ་ཡང་ དབུ་རྩེ་མ་གཏོགས་ བཟོ་བཀོད་གཞན་ཚུ་ལུ་ ཚོན་བཏང་ཚར་ཡོདཔ་མ་ཚད་ རྫོང་ནང་ན་ཡིག་ཚང་ཚུ་ གཞི་བཙུགས་འབད་ནིའི་དོན་ལུ་ …

Leave a Reply

Your email address will not be published. Required fields are marked *