མི་དབང་མངའ་བདག་རིན་པོ་ཆེ་མཆོག་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭའི་ ལེགས་སྦྱང་བ་ཚུ་དང་ ལྷན་བཞུགས་གནང་པའི་བསྒང་།

མི་དབང་མཆོག་གིས་ ཤེས་རབ་རྩེ་མཐོ་རིམ་སློབ་ཕྲུག་ཚུ་དང་ མཇལ་ཕྲད་མཛད་གནང་ཡོདཔ།

༉ ཁ་ཙ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བཀང་ལུང་ཤེས་རབ་རྩེ་མཐོ་རིམ་སློབ་གྲྭའི་ སློབ་ཕྲུག་ཚུ་དང་ མཇལ་ཕྲད་མཛད་གནང་ཡོདཔ་ཨིན་པས།
དེ་བསྒང་ མི་དབང་མཆོག་གིས་ རྒྱལ་ཁབ་གོང་འཕེལ་གཏང་ནི་དང་ མ་འོངས་པའི་ གནས་སྟངས་ལེགས་ཤོམ་བཟོ་ནིའི་དོན་ལུ་ རྒྱལ་ཡོངས་ཀྱི་ འཆར་སྣང་ཚུ་གི་སྐོར་ལས་ དགོངས་འཆར་ཚུ་ གསུངས་གནང་ནུག།
དུས་རབས་༢༡ པའི་ནང་ གྲ་སྒྲིག་འབད་ནིའི་དོན་ལུ་ ང་བཅས་ཀྱིས་ ང་བཅས་རའི་ ཨ་ལོ་ཚུ་གི་དོན་ལུ་ མ་རྩ་བཙུགས་དགོ་ཟེར་ མི་དབང་མཆོག་གིས་ གསུངས་གནང་ཡོདཔ་མ་ཚད་ འབྲུག་མི་ཚུ་ལུ་ ལྕོགས་གྲུབ་གནམ་མེད་ས་མེད་ཡོདཔ་ལས་ གོ་སྐབས་དང་ ལམ་སྟོན་ཚུ་ ཚུལ་ལྡན་ཐོག་ལས་ བྱིན་པ་ཅིན་ འབྲུག་པའི་ཨ་ལོ་ཚུ་གིས་ ཁོང་རའི་ལྕོགས་གྲུབ་ཧྲིལ་བུམ་སྦེ་ གཡོག་བཀོལ་མ་ཚུགསཔ་ མི་དབང་སྐུ་ཉིད་ལུ་ ཐེ་ཚོམ་ག་ནི་ཡང་མེད་ཟེར་གསུངས་ནུག།
མི་དབང་མཆོག་གིས་ གསུངས་མིའི་ནང་ ད་ལྟོའི་མི་རབས་ཚུ་གིས་ སྤུ་འགྱིར་དྲགས་དང་ རིག་པ་གསལ་དྲགས་ གསར་གཏོད་ སྒྲིག་བཅོས་འབད་ནི་ དེ་ལས་ དེ་འཕྲོ་ལས་ ལྷབ་སྦྱང་འབད་ཚུགསཔ་སྦེ་ འབད་དགོ་ཟེར་ཨིན་པས།
མི་དབང་མཆོག་གིས་ དམིགས་བསལ་དུ་ འཛམ་གླིང་དང་ བརྡ་དོན་འཕྲུལ་རིག་མགྱོགས་དྲགས་སྦེ་ གོང་འཕེལ་འགྱོ་མི་དང་ ད་རེས་ནངས་པར་ འཕྲུལ་རིག་སྣ་ཚོགས་ གལ་ཆེ་བའི་སྐོར་ གསུངས་གནངམ་དང་འབྲེལ་ མ་འོངས་པ་ལུ་ བརྡ་དོན་འཕྲུལ་རིག་ལུ་ ཤུགས་ཆེ་བའི་ ལས་སྣ་ཚུ་ནང་ སློབ་ཕྲུག་ཚུ་གིས་ མཐར་འཁྱོལ་ཅན་སྦེ་ གྲལ་གཏོགས་འབད་ནི་ལུ་ གྲ་སྒྲིག་འབད་དགོ་པའི་ བཀའ་སློབ་གནང་ནུག།
ཁྱེད་ལུ་ཡོད་མི་ འགྲུལ་འཕྲིན་ཨིསི་མཱཊ་ཕོན་དང་ ཡོངས་འབྲེལ་ཨིན་ཊར་ནེཊ་ ཡུ་ཊུབ་ལ་སོགས་པ་ཚུ་གི་ མཐུན་རྐྱེན་ཡོངས་རྫོགས་ལག་ལེན་འཐབ་ཐོག་ལས་ རིག་རྩལ་དང་ ཤེས་ཡོན་ཚུ་ ཡར་དྲག་བཏང་སྟེ་ མ་འོངས་པའི་ ལཱ་གཡོག་ཚུ་ འབད་ཆོག་ཆོ་བཟོ་དགོ་ཟེར་ མི་དབང་མཆོག་གིས་ གསུངས་པའི་ཁར་ ཁྱེད་རའི་མི་ཚེ་ མཐར་སྐྱེལ་དགོ་པ་ཅིན་ ཁྱོད་རའི་དང་འདོད་དང་ ལྷབ་སྦྱང་ནང་ བརྩོན་ཤུགས་ག་དེམ་ཅིག་ བསྐྱེད་ཡོདཔ་ཨིན་ན་ དེ་དང་འཁྲིལ་འགྱོ་འོང་ཟེར་གསུངས་ནུག།
མི་དབང་མངའ་ཞབས་མཆོག་གིས་ མཐོ་རིམ་སློབ་གྲྭའི་ ལེགས་སྦྱར་བ་ཚུ་དང་ཡང་ མཇལ་ཕྲད་མཛད་གནང་ནུག།
སྤྱི་ལོ་༡༩༦༦ ལུ་ མི་མང་སློབ་གྲྭ་སྦེ་ གཞི་བཙུགས་འབད་མི་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་དེ་ སྤྱི་ལོ་༡༩༨༣ ལུ་ འབྲུག་རྒྱལ་ཁབ་ནང་ ཆེ་རིམ་ཤེས་རིག་སྤེལ་ཁང་དང་པ་སྦེ་ བཟོ་ཡོདཔ་ད་ ད་རེས་ མཐོ་རིམ་སློབ་གྲྭ་དེ་ འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེའི་ ཆ་ཤས་ཅིག་ཨིནམ་མ་ཚད་ ལས་རིམ་ཁག་༡༣ ནང་ སློབ་སྦྱོང་འབད་མི་ སློབ་ཕྲུག་༡,༥༠༠ ལྷགཔ་ཅིག་ཡོདཔ་ཨིན་པའིང་གནས་ཚུལ།

About admin

Check Also

གནས་ཚུལ་མདོར་བསྡུས།

སྤྱི་ཟླ་༡༡ པའི་ཚེས་༧ ལུ་ ཐིམ་ཕུག་བདེ་ཆེན་ཕུག་གི་ ལོ་བསྟར་ཚེས་བཅུ་ འགོ་འདྲེན་འཐབ་པའི་སྐབས་ དད་ཅན་བརྒྱ་ལས་བཅད་དེ་ འཛོམས་མི་ཚུ་ལུ་ ཞྭ་ནག་རྔ་འཆམ་དང་ དགེ་བསྙེན་སྐུ་འཆམ་ ཤ་རྫམ་ རྔ་འཆམ་ཚུ་ མཇལ་ཁ་གནང་ཡོདཔ་བཞིན་དུ་ ལོ་བསྟར་ཚེས་བཅུ་དེ་ སྤྱི་ལོ་༢༠༠༣ …

Leave a Reply

Your email address will not be published. Required fields are marked *