མི་དབང་མངའ་བདག་རིན་པོ་ཆེ་མཆོག་ མོང་སྒར་ལུ་ ནད་ཡམས་COVID-19 སྨན་ཁང་སྦེ་ བསྒྱུར་བཅོས་འབད་མི་ རྒྱལ་འཛིན་མགྲོན་ཁང་ནང་ གཟིགས་ཞིབ་གནང་པའི་བསྒང་།

མི་དབང་མངའ་ཞབས་མཆོག་ ཤར་ལྷོ་དབུས་ཕྱོགས་ཚུ་ནང་ཆིབས་སྐྱོད།

༉ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ ལྷོ་ཕྱོགས་དང་ དབུས་ཕྱོགས་ ཤར་ཕྱོགས་རྫོང་ཁག་ཚུ་ནང་ ནད་ཡམས་ཀོ་རོ་ན་བའེ་རཱསི་༼COVID-19༽ སྔོན་འགོག་གི་ གྲ་སྒྲིག་ཚུ་ལུ་ གཟིགས་ཞིབ་གནང་ཡོདཔ་ཨིན་པས།
དེ་ཡང་ མི་དབང་མངའ་ཞབས་མཆོག་གིས་ སྤྱི་ཟླ་༣ པའི་ཚེས་༣༡ ལུ་ རྩི་རང་དང་ དགེ་ལེགས་ཕུག་ལུ་ ཆིབས་སྐྱོད་གནང་པའི་ཤུལ་ལས་ གཞལམ་སྒང་དང་ ཀྲོང་གསར་ བུམ་ཐང་ མོང་སྒར་ བཀྲིས་གཡང་རྩེ་ཚུ་ནང་ གཟིགས་སྐོར་གནང་ནུག།
ཆིབས་སྐྱོད་སྐབས་ མི་དབང་མཆོག་གིས་ རྫོང་ཁག་སོ་སོའི་ནང་ ཀོ་བིཌ་-༡༩ ལུ་གདོང་ལེན་འབད་མི་ ལས་བྱེད་ཚོགས་ཆུང་གི་ འཐུས་མི་ཚུ་དང་ མཇལ་ཕྲད་མཛད་གནང་ཡོདཔ་ད་ ལས་བྱེད་ཚོགས་ཆུང་ལུ་ རང་སོའི་རྫོང་ཁག་ཚུ་ནང་ གནོད་ཉེན་ཡོད་མི་ མི་སེར་རྒན་རྒས་ཚུ་གི་ གནས་སྡུད་དང་ མི་འབོར་ཞིབ་རྩིས་བསྡུ་ལེན་འབད་ནི་ལ་སོགས་པའི་ འགན་ཁུར་ཚུ་སྤྲོད་དེ་ ཡོདཔ་ཨིན་པས།
མི་དབང་མཆོག་གིས་ སྨན་ཁང་ཚུ་ནང་ གསོ་བའི་མཐུན་རྐྱེན་དང་ འབྲུག་བཟའ་སྤྱོད་ལས་འཛིན་གྱི་ ཡན་ལག་ཚུ་ནང་ ཉེར་མཁོའི་བཟའ་ཆས་གསོག་འཇོག་འབད་མི་ཚུ་ལུ་ གཟིགས་ཞིབ་གནང་པར་ བྱོན་ཡོདཔ་ཨིན་པས།
ད་རུང་ ནད་ཡམས་ཀོ་རོ་ན་བའེ་རཱསི་ལུ་བརྟེན་ ཚོང་འབྲེལ་ཚུ་ལུ་ ག་དེ་སྦེ་ར་ གནོད་པ་བྱུང་ཡོདཔ་ཨིན་ན་ མཁྱེན་ནིའི་དོན་ལུ་ ཚོང་ཁང་ཚུ་ནང་ཡང་ ཆིབས་སྐྱོད་གནང་ཡོདཔ་ཨིན་པས།
མོང་སྒར་ལུ་ མི་དབང་མཆོག་གིས་ རྒྱལ་འཛིན་མགྲོན་ཁྱིམ་ནང་ གཟིགས་ཞིབ་གནང་ཡོདཔ་ད་ མགྲོན་ཁྱིམ་དེ་ ད་ལྟོ་ COVID-19 སྨན་ཁང་སྦེ་ བསྒྱུར་བཅོས་འབད་ཡོདཔ་བཞིན་དུ་ ཡོངས་ཁྱབ་རིམས་ནད་ ཞི་བའི་ཤུལ་ལུ་ རྒྱལ་འཛིན་མགྲོན་ཁྱིམ་དེ་ ཤར་ཕྱོགས་རྫོང་ཁག་ཚུ་གི་དོན་ལུ་ མ་བུའི་སྨན་ཁང་སྦེ་ བཟོ་འོང་ཟེར་ བཀའ་རྒྱ་གནང་ནུག།
ཆིབས་སྐྱོད་སྐབས་ལུ་ མི་དབང་མངའ་ཞབས་མཆོག་གིས་ རྒྱལ་ཁབ་མཐའ་དབུས་མེད་པར་ འགན་ཁུར་སོ་སོའི་ཐོག་ལས་ ཕྱག་ཞུ་མི་ཚུ་ལུ་ ད་ལྟོ་ རྒྱལ་གཞུང་གི་ དམིགས་གཏད་སྦོམ་ཤོས་ར་ ནད་ཡམས་ཀོ་བིཌ་-༡༩ དེ་ འབྲུག་ལུ་ ཁྱབ་སྤེལ་འགྱོ་ནི་ལས་ སྔོན་འགོག་འབད་ནི་ལུ་ ཤུགས་བཏོན་ནི་དེ་ཨིན་ཟེར་ གསུངས་ཡོདཔ་ཨིན་པས།
མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བདེ་བ་ཐང་ལུ་ བདེ་སྲུང་སྦྱོང་བརྡར་ས་ཁོངས་ནང་ གཟིགས་ཞིབ་གནང་ཡོདཔ་ཨིན་པས།
མི་དབང་མཆོག་གི་ བཀའ་རྒྱ་དང་འཁྲིལ་ ས་གནས་ཁག་༧ ནང་ སློབ་དཔོན་དང་ ལཱ་གཡོག་ནང་ཕྱག་ཞུ་མི་ མཐོ་རིམ་ཤེས་ཚདའཆང་མི་ དེ་ལས་ ལཱ་གཡོག་མེད་མི་ ན་གཞོན་དང་ ཁས་བླངས་པ་ཚུ་བརྩིས་ཏེ་ མི་གྲངས་༢,༥༠༠ དེ་ཅིག་ལུ་ བདེ་སྲུང་གི་སྦྱོང་བརྡར་ དུས་མཉམ་ལུ་ བྱིན་ནི་ཨིན་པས།
བདུན་ཕྲག་༣ གྱི་རིང་ འགོ་འདྲེན་འཐབ་ནི་ཨིན་མི་ བདེ་སྲུང་སྦྱོང་བརྡར་དེ་ ད་རིས་ལས་ འགོ་བཙུགསཔ་བཞིན་དུ་ སྦྱོང་བརྡར་སྐབས་ མི་མང་འཕྲོད་བསྟེན་དང་ ཉེན་སྲུང་ལུ་ གཙོ་བོར་བཏོན་ནི་ཨིན་མི་དེ་ཡང་ ཀོ་བིཌ་-༡༩ བཀག་ཐབས་ལུ་ བརྩོན་ཤུགས་བསྐྱེད་མིའི་ནང་ གསོ་བའི་ལས་བྱེདཔ་ཚུ་ལུ་ རྒྱབ་སྐྱོར་འབད་དགོཔ་ འཐོན་པ་ཅིན་ གྲ་སྒྲིག་དང་ ལྷན་ཐབས་འབད་ནིའི་དོན་ལུ་ཨིན་པས།
བདུན་ཕྲག་གསུམ་གྱི་ སྦྱོང་བརྡར་ལས་རིམ་ འགོ་བཙུགསཔ་ད་ ཁས་བླངས་པ་དང་ སློབ་སྟོན་པ་ག་ར་ལུ་ COVID-19 གི་བརྟག་དཔྱད་འབད་ནི་ཨིན་མི་དེ་ཡང་ མི་སྡེ་ལུ་ ནད་འབུབ་སྤེལ་ཉེན་མེདཔ་ ངེས་བརྟན་བཟོ་ཐབས་ལུ་ཨིན་པས།
ད་རེས་ཀྱི་ སྦྱོང་བརྡར་ལས་རིམ་ མཇུག་བསྡུ་བའི་ཤུལ་ལུ་ བདེ་སྲུངཔ་ཤོ་ཐེངས་༢ པའི་ སྦྱོང་བརྡར་འགོ་བཙུགས་ནི་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

 

About admin

Check Also

རང་དོན་སྤྱོད་ནིའི་དོན་ལུ་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་ཆོག་དོ་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ལུ་ རང་དོན་སྤྱོད་ནིའི་དོན་ལས་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་ཆོག་མི་དང་འཁྲིལ་ ཁྲོམ་ཁར་སྡོད་མི་ཚུ་ལུ་ ཏམ་ཁུ་མ་ཐོབ་པའི་ དཀའ་ངལ་མིན་འདུག། རྫོང་ཁག་གི་ ནད་ཡམས་ཀོ་བིཌ་-༡༩ གི་ ལས་བྱེད་ཚོགས་ཆུང་གིས་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་བའི་སྐབས་ ནད་འབུབ་མི་འབུ་ནིའི་དོན་ལས་ …

Leave a Reply

Your email address will not be published. Required fields are marked *