མི་ཌཱལ་ཨིསི་ལུ་འགྱོ་ནི་ དམིགས་བསལ་གནམ་གྲུ་ཕར་འགྱངས།

ཁ་ཙ་ འབྲུག་མི་༡༢༧ མི་ཌཱལ་ཨིསི་ལུ་ ལཱ་འབད་བར་ འབག་སོང་མི་ འབྲུག་གི་གནམ་གྲུ་དེ་ ཉོགས་མེད་ལུ་བརྟེན་ རྒྱ་གར་བག་ཌོ་ར་གནམ་ཐང་ལས་ ལོག་འོང་དགོཔ་བྱུང་ནུག།

མཐའན་མཇུག་ཁར་ མི་ཌཱལ་ཨིསི་རྒྱལ་ཁབ་ལས་ གསོ་བའི་ཉོགས་མེད་ མཁོ་འདོད་བཀོད་མི་ལུ་བརྟེན་ འཕུར་འགྲུལ་འབད་མ་ཚུགས་པས།

ཕྱི་འབྲེལ་བློན་པོ་ཌོག་ཊར་ རྟ་མགྲིན་རྡོ་རྗེ་གིས་ ཁ་ཙ་དྲོ་པ་ ཀུ་ཝེཊ་གཞུང་གིས་ འགྲུལ་པའི་ཐོ་དང་ གསོ་བའི་ཉོགས་མེད་ཚུ་ དགོ་པའི་སྐོར་ལས་ སླབ་དེས་ཟེར་ བཤད་པའི་ཁར་ འགོ་དཔོན་ཚུ་གིས་ སྒྲིག་རིམ་གྱི་ ལཱ་འབད་བའི་སྐབས་ གནམ་གྲུ་འཕུར་འགྲུལ་འབད་ནིའི་ དུས་ཚོད་ཕྱིས་སོ་ནུག་ཟེར་ བཤདཔ་ཨིན་པས།

ཨིན་རུང་ ཁ་ཙ་ འགྲུལ་པ་ཚུ་གིས་ གསོ་བའི་ཉོགས་མེད་ཚུ་ ཐོབ་མ་ཚུགས་རུང་ གལ་སྲིད་ གསོ་བའི་ཉོགས་མེད་ ཐོབ་པ་ཅིན་ གནམ་གྲུ་དེ་ ནངས་པ་ འཕུར་འགྲུལ་འབད་འོང་ཟེར་ཨིནམ་ད་ དེ་མེན་ གནམ་གྲུ་ཕུར་འགྲུལ་ ཕར་འགྱངས་འབད་དགོཔ་འོང་ཟེར་ཨིན་པས།

འགྲུལ་པ་ཚུ་གིས་ ཀོ་བིཌ་-༡༩ ནད་འབུབ་མ་ཐོབ་པའི་ པི་སི་ཨར་གྱི་ གྲུབ་འབྲས་འབག་སྟེ་ཡོདཔ་ད་ བློན་པོ་གིས་འབད་བ་ཅིན་ ངེས་མེད་ཀྱི་ དུས་ཚོད་ཅིག་ཨིནམ་ལས་ ལྷན་ཁག་གིས་ མི་ཚུ་ འགྲུལ་སྐྱོད་འབད་མ་བཅུག་ཟེར་ཨིན་པས།

ཀུ་ཝེཊ་ལུ་ འབྲུག་གི་གཞུང་ཚབ་ཡིག་ཚང་དང་ ཕྱི་འབྲེལ་ལྷན་ཁག་གིས་ རིམ་སྒྲིག་གི་ ལཱ་ཚུ་འབད་བའི་བསྒང་ཡོདཔ་ཨིན་པས།

བསམ་རྩེ་ལས་ དཀོན་མཆོག་གིས་ སླབ་མིའི་ནང་ ཁ་ཙ་དྲོ་པའི་ ཆུ་ཚོད་༦.༣༠ ལུ་ གནམ་ཐང་ནང་ ལྷོད་དེ་ཞིབ་དཔྱད་ཚུ་ འབད་བའི་སྐབས་ གནམ་གྲུ་འཕུར་འགྲུལ་གྱི་ དུས་ཡུན་དེ་ ཕྱིས་སོ་ནུག་ཟེར་ཨིན་པས།

དུས་ཡུན་དག་པ་ཅིག་ལས་ གལ་སྲིད་ ཉོགས་མེད་ཐོབ་པ་ཅིན་ གནམ་གྲུ་འཕུར་འགྲུལ་འབད་ནི་ ཕྱི་ནི་ཨིནམ་ལས་ བག་ཌོ་ར་ལུ་ འཕུར་འགྲུལ་འབད་ནི་ འགོ་བཙུགས་ཡོདཔ་ཨིན་པས།

ཨིན་རུང་ ཉོགས་མེད་མ་ཐོབ་ལས་ ཁ་ཙ་ ཕྱི་རུའི་ཆུ་ཚོད་༤ ལས་ བག་ཌོ་ར་ལས་ ལོག་རྒྱལ་ཁབ་ནང་ འཕུར་འགྲུལ་འབད་ཡོདཔ་ད་ དཀོན་མཆོག་མོ་ར་ གཡུས་ཁར་ལོག་འགྱོ་མི་ཚུགས་ནི་ཨིནམ་ལས་ སྤ་རོ་ལུ་ སྡོད་ནི་སྦེ་ ཐག་བཅད་ཡོདཔ་ཨིན་པས།

མི་ཌཱལ་ཨིསི་ལུ་ ལོག་འགྱོ་མི་ཚུ་ཡང་ དུ་བའེ་ལུ་༢༤ དང་ ཀུ་ཝེཊ་ལུ་༡༠༣ འབདཝ་ད་ འབྲུག་མི་༡༢༧ ཨིན་པས།

གནམ་གྲུ་དེ་ མི་ཌཱལ་ཨིསི་ལུང་ཕྱོགས་ལས་ ལོག་འོང་མི་ཚུ་གིས་ ཕྱི་འབྲེལ་ལྷན་ཁག་ལུ་ ཆ་རོགས་འབད་དགོཔ་སྦེ་ ཞུ་བ་འབད་མི་ལུ་བརྟེན་ བདེ་སྒྲིག་འབད་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

མོང་སྒར་ལུ་ ས་སྣུམ་མ་ལང་པའི་ དཀའ་ངལ་ཐོན་ཡོདཔ།

༉ མོང་སྒར་ཁྲོམ་ནང་སྡོད་མི་ སྣུམ་འཁོར་ཆུང་བའི་ ཇོ་བདག་ཅིག་ཨིན་མི་ རྒྱལ་མཚན་གྱིས་ རེས་གཟའ་ཕུར་བུ་ལུ་ ཁོ་རའི་ ལཱ་ཁག་ཆེ་ཏོག་ཏོ་ཅིག་ཐོན་ཏེ་ གླིང་མེད་ཐང་ལུ་ འགྱོ་ནིའི་དོན་ལས་ མོང་སྒར་ས་སྣུམ་བཀྲམ་སྤེལ་ཁང་ནང་ མར་ཁུ་བླུག་པར་ཚར་༢ དེ་ཅིག་འགྱོ་རུང་ ས་སྣུམ་མེད་ནི་དེ་གིས་ འཆར་གཞི་བཤོལ་བཞག་འབད་དགོཔ་ …

Leave a Reply

Your email address will not be published. Required fields are marked *