རྩི་རང་རྫོང་བདག་པདྨ་གིས་ མནྜལ་སྒང་སློབ་གྲྭ་ལྟེ་བ་རྒྱ་སྐྱེད་ཀྱི་ འགོ་འབྱེད་འབད་བའི་བསྒང་།

མནྜལ་སྒང་སློབ་གྲྭ་ལྟེ་བ་ འབྲིང་རིམ་སློབ་གྲྭ་གོང་མ་ལུ་ རྒྱ་སྐྱེད་འབད་ཡོདཔ།

༉ དུས་ཅི་ སློབ་དུས་འགོ་བཙུགསཔ་དང་འབྲེལ་ རྩི་རང་ མནྜལ་སྒང་སློབ་གྲྭ་ལྟེ་བའི་ སློབ་ཕྲུག་ཚུ་གིས་ འགོ་དང་པ་ སློབ་རིམ་༡༡ པའི་ནང་ དཔེ་ཆ་ལྷབ་ནིའི་ གོ་སྐབས་ཐོབ་ཡོདཔ་ཨིན་པས།
སློབ་གྲྭ་དེ་ཡང་ འཕྲལ་ཁམས་ཅིག་ཁར་ འབྲིང་རིམ་སློབ་གྲྭ་བར་མ་ལས་ འབྲིང་རིམ་སློབ་གྲྭ་གོང་མ་ལུ་ རྒྱ་སྐྱེད་འབད་ཡོདཔ་ད་ སློབ་རིམ་༡༡ པའི་ནང་ སློབ་ཕྲུག་༧༠ ལྷགཔ་ཅིག་ ཡོདཔ་ཨིན་པས།
སློབ་གྲྭ་དེ་ནང་ སློབ་རིམ་༡༠ པ་མཇུག་བསྡུ་མི་ཚུ་ལུ་ ནང་རིག་དང་ ཚོང་རིག་གི་ཆོས་ཚན་ཚུ་ནང་ གོ་སྐབས་བྱིན་ནི་ཨིནམ་ད་ ན་ཧིང་ཚུན་ རྒྱལ་ཁབ་ནང་འཁོད་ལུ་ འབྲིང་རིམ་སློབ་གྲྭ་གོང་མ་དེ་ འགྲམ་ཕུག་སློབ་གྲྭ་ལྟེ་བ་ཅིག་ལས་ མེདཔ་ཨིན་པས།
སློབ་རིམ་༡༡ པའི་ སློབ་ཕྲུག་ཅིག་གི་ཨའི་ སངས་རྒྱས་དཔལམོ་གིས་ སླབ་མིའི་ནང་ གནས་ཚུལ་དེ་གོཝ་ད་ སེམས་དགའ་ཡི་ཟེར་ཨིནམ་ད་ མོ་གིས་སླབ་མིའི་ནང་ ཨ་ལོ་དང་གཅིག་ཁར་སྡོད་ནི་ཡོད་པ་ཅིན་ དེ་ར་དགའ་བས་ཟེར་ཨིནམ་ད་ དེ་ཡང་ ཟད་འགྲོ་ཉུང་སུ་གནས་པའི་ཁར་ ཉེ་འདབས་ལུ་སྡོད་པའི་སྐབས་ ཨ་ལོ་ཚུ་ བདག་འཛིན་འབད་ནིའི་གོ་སྐབས་ཡང་ ཐོབ་ཚུགས་པས་ཟེར་ཨིན་པས།
ཨ་ལོ་གཞན་ཅིག་གི་ཕམ་ བསྟན་པ་རྒྱལ་མཚན་གྱིས་ བཤད་མིའི་ནང་ སློབ་གྲྭ་རྒྱ་སྐྱེད་འབད་མི་དེ་ ལེགས་ཤོམ་ཨིན་པའི་ཁར་ སློབ་གྲྭའི་ཉེ་འདབས་ལུ་ རང་གི་ཨ་ལོ་དང་གཅིག་ཁར་ སྡོད་ནིའི་གོ་སྐབས་འདུག་ཟེར་ ཨིན་པས།
མནྜལ་སྒང་སློབ་གྲྭ་ལྟེ་བ་དེ་ སྤྱི་ལོ་༢༠༡༥ ལུ་ མོ་བཏབ་སྦེ་ སློབ་གྲྭ་ལྟེ་བ་ངོས་འཛིན་འབད་མི་ སློབ་གྲྭ་༢༤ གི་གྲས་ལས་ གཅིག་ཨིནམ་ད་ དབུ་འཛིན་ཆོས་སྐྱིད་དབང་ཕྱུག་གིས་ སླབ་མིའི་ནང་ ཡར་སེང་འབད་ནི་དེ་ འཆར་གཞི་༡༢ པའི་ནང་ ཚུད་ཡོདཔ་བཞིན་དུ་ མི་སྡེ་ལུ་རྒྱ་ཆེ་དྲགས་སྦེ་ ཁེ་ཕན་འབྱུང་ཚུགས་ནི་མས་ཟེར་ ཨིན་པས།
བུཚ་གི་ཉལ་ཁང་དེ་ དུམ་གྲ་ཅིག་ ཐག་རིང་སར་ཡོདཔ་མ་གཏོགས་ གཞན་མཐུན་རྐྱེན་ཚུ་ལངམ་སྦེ་ཡོད་ཟེར་ དབུ་འཛིན་གྱིས་བཤད་པའི་ཁར་ ཉལ་ཁང་དེ་ སློབ་གྲྭའི་ས་ཁོངས་ལས་ དུས་ཡུན་སྐར་མ་༡༠ དེ་ཅིག་ལུ་ཨིནམ་ད་ སློབ་གྲྭ་དེ་ནང་ རྒྱལ་ཡོངས་ཁག་འབག་གི་ སློབ་དཔོན་ཚུ་བརྩིས་ཏེ་ སློབ་དཔོན་གསརཔ་༨ བཙུགས་ཡོདཔ་ཨིན་པས།
སློབ་གྲྭ་ནང་ སློབ་ཕྲུག་༡,༢༨༦ དེ་ཅིག་དང་ སློབ་དཔོན་༦༠ ཡོདཔ་ད་ དབུ་འཛིན་གྱིས་ སླབ་མིའི་ནང་ བཞེས་སྒོ་བཟའ་སའི་ཁང་མིག་ ཐེབས་རྐྱབ་པའི་བསྒང་ཡོད་མི་དེ་ཡང་ བདུན་ཕྲག་༡ དེ་ཅིག་ནང་ མཇུག་བསྡུ་འོང་ཟེར་ཨིན་པས།
སློབ་གྲྭ་དེ་གིས་ རྫོང་ཁག་གཞན་ཁའི་ སློབ་ཕྲུག་ཚུ་ལུ་ཡང་ གོ་སྐབས་བྱིན་ཚུགས་པའི་ཁར་ སང་ཕོད་ལས་ ཚན་རིག་ཆོས་ཚན་ཡང་ འགོ་བཙུགས་ནིའི་ རེ་བ་ཡོད་ཟེར་ཨིན་པས།
ད་རེས་ རྩི་རང་རྫོང་ཁག་ནང་ སློབ་གྲྭ་ལྟེ་བ་༣ ཡོདཔ་ཨིན་པའི་གནས་ཚུལ།

About admin

Check Also

རྒྱལ་ཡོངས་ཚོགས་འདུ་ནང་ ལགཔ་ཡར་སེང་ཐོག་ལས་ ཞུ་ནི་གི་གྲོས་འཆར།

༉ སྤྱི་ཟླ་༥ པའི་ཙེས་༢༤ ལུ་ རྒྱལ་ཡོངས་ཚོགས་འདུ་ནང་ དྲི་བ་དྲིས་ལན་གྱི་ཤུལ་ལས་ པཱན་སྦང་གི་འཐུས་མི་ རྡོ་རྗེ་དབང་འདུས་ཀྱིས་ གྲོས་བསྡུར་གྱི་སྐབས་ལུ་ འཕྲུལ་ཆས་གུ་ ཨེབ་ནི་མེན་པར་ ལགཔ་ཡར་སེང་ཐོག་ལས་ ཞུ་ནི་གི་ གོ་སྐབས་གནང་དགོཔ་སྦེ་ ཚོགས་དཔོན་ལུ་ཞུ་ཡི། …

Leave a Reply

Your email address will not be published. Required fields are marked *