མནར་སྤྱོད་འབད་ནི་ཡོདཔ་ཨིན་ན?

༉ ཟླཝ་འདི་གི་ སྔ་ཆ་ལུ་ བཀྲིས་སྒང་ཝམ་རོང་ལུ་ སྐྱེས་ལོ་༡༧ ལང་མི་ སློབ་རིམ་༡༡ པའི་ སློབ་ཕྲུག་བུཚ་ཅིག་གིས་ རང་སྲོག་བཅད་ཡོདཔ་ལས་ རྒྱལ་ཡོངས་ལུ་ སེམས་ཕམ་དང་ ཚ་གྱང་ལང་དགོཔ་ཅིག་ཨིན་མས།
དེ་ཡང་ ད་ཚུན་གྱི་བར་ན་ ང་བཅས་ཀྱིས་ མི་ཚུ་ རྒྱུ་མཚན་ག་ཅི་ལུ་བརྟེན་ ལྕེབས་ཤི་དོ་ཡོདཔ་ཨིན་ན་ ཧ་གོ་མ་ཚུགས་པར་ཡོད་པའི་བར་ན་ ཝམ་རོང་ལུ་ སློབ་ཕྲུག་ཅིག་གིས་ རང་སྲོག་བཅད་མི་ལས་ རྒྱུ་རྐྱེན་དག་པ་ཅིག་ གསལ་སྟོན་འབདཝ་མས།
ཚེ་འདས་བུཚ་དེ་གི་ ཕམ་ཚུ་གིས་ ཁ་ཉེས་བཀལ་མི་དང་འཁྲིལཝ་ད་ ཁོང་གི་བུ་ རང་སྲོག་བཅད་མི་དེ་ དངམ་གཅིག་ལུ་ ཨར་རྐུན་གྱི་ ཉེས་ཁ་བཀལ་བའི་ཁར་ གཉིས་པ་འབདཝ་ད་ ཁྲིམས་སྲུང་འགག་པ་གིས་ དྲི་དཔྱད་འབད་བའི་སྐབས་ལུ་ མནར་སྤྱོད་འབད་མི་ལུ་བརྟེན་ འོང་ནི་ཨིནམ་ལས་ ཁྲིམས་འདུན་གྱིས་ ཞིབ་བཤེར་མཛད་དགོ་པའི་ ཞུ་བ་ཕུལ་ནུག།
དྲུང་ཁག་ཁྲིམས་འདུན་གྱིས་ཡང་ རྩོད་བཤེར་གྱི་དོན་ལུ་ ཐོ་བཀོད་འབད་ཡོདཔ་ད་ ཉམས་རྒུད་པའི་ཕམ་གིས་ བཤེར་ཡིག་བཙུགས་མིའི་ནང་ ཚེ་འདས་ཨ་ལོ་གིས་ སློབ་གྲྭ་ནང་ བྱ་ངན་འབད་ཡོདཔ་ ངེས་བདེན་ཨིན་པ་ཅིན་ སློབ་གྲྭའི་བདག་སྐྱོང་གིས་ ཕམ་ཚུ་ལུ་ སླབ་དགོཔ་ཨིན་རུང་ བརྡ་དོན་ག་ནི་ཡང་ མ་ཐོབ་པའི་ཁར་ ཁྲིམས་སྲུང་འགག་པ་གིས་འབད་རུང་ ཨ་ལོའི་བཅའ་ཁྲིམས་དང་ ཐོབ་དབང་དང་འཁྲིལ་ དྲི་ཞིབ་མ་འབད་བའི་ དོགས་པ་ཡོདཔ་ལས་ ཁྲིམས་འདུན་གྱིས་ དབྱེ་དཔྱད་མཛད་གནང་ཟེར་བཀོད་ནུག།
རྒྱུ་མཚན་ག་དེ་སྦེ་ར་ཨིན་རུང་ ད་རེས་ནངས་པར་ ན་གཞོན་ཚུ་གིས་ རང་སྲོག་ལྕེབས་ཤི་མི་ལུ་ གནད་ཁུངས་སྦོམ་ འོང་ནི་ཨིནམ་ད་ ཝམ་རོང་གི་ བྱུང་རྐྱེན་ལུ་བལྟ་རུང་ ཚེ་འདས་ལུ་ མནར་སྤྱོད་དང་ འདྲོག་བྱེལ་འཐབ་མ་བཅུག་པ་ཅིན་ རང་སྲོག་བཅད་དགོཔ་ཅིག་ མི་མཐོངམ་མས།
ཁྲིམས་བསྟར་སྤྱོད་འབད་མི་ལས་སྡེ་ དཔེར་ན་ ཁྲིམས་སྲུང་འགག་སྡེ་དང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ དེ་ལས་ འབྲེལ་ཡོད་དབང་འཛིན་ཚུ་གིས་ ཁ་ཉེས་ཕོག་མི་ཚུ་ལུ་ མནར་སྤྱོད་དང་ སྡུག་སྦྱོང་བྱིན་པའི་སྐོར་ ཉོགས་བཤད་བཀོདཔ་ད་ དེ་ཡང་ ལོ་༥ དེ་ཅིག་གི་ཧེ་མར་ ཧཱ་ལྷ་ཁང་དཀར་པོ་གསར་བཞེངས་སྐབས་ མ་དངུལ་ལོག་སྤྱོད་འབད་བའི་ རྩོད་དོན་ནང་ རྩོད་ཟླ་ཚུ་གིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ ཁོང་ལས་ ངག་བརྗོད་ཚུ་ བང་བཙོང་སྟེ་ ལེན་འབག་ཡོདཔ་མ་ཚད་ གལ་སྲིད་ བྱ་ངན་མ་འཐབ་རུང་ འཐབ་ཅི་ཟེར་ སླབ་མི་དེ་ཡང་ དོ་དམ་འོག་ལས་ མི་གཏང་ཟེར་ འཇིགས་སྐྲག་སྟོན་མི་ལུ་བརྟེན་ཨིན་ཟེར་ ཁྲིམས་འདུན་ལུ་ཞུ་ནུག།
དེ་བཟུམ་སྦེ་ མོང་སྒར་རྫོང་ཁག་ནང་ མཆོད་རྟེན་སློངས་མི་ ཉེས་འཛུགས་དག་པ་ཅིག་གིས་ བྱ་ངན་ནང་ གྲལ་གཏོགས་མེད་རུང་ ཁྲིམས་སྲུང་འགག་པ་གིས་ མནར་སྤྱོད་འབད་མི་ལུ་བརྟེན་ ན་ཟུག་གིས་ འབད་མ་ཚུགས་པར་ མཆོད་རྟེན་སློངས་ཡོདཔ་སྦེ་ སླབ་དགོཔ་ཐོན་ཡི་ཟེར་ ཆེ་མཐོ་ཁྲིམས་འདུན་ལུ་ ཞུ་མི་ལུ་བརྟེན་ ཉེས་པ་མེད་པའི་ འཁྲུན་ཆོད་ཡང་གནང་ནུག།
འབྲུག་བཟུམ་མའི་ རྒྱལ་ཁབ་ཆུང་ཀུ་ནང་ ན་ལོན་འབད་རུང་ ལོ་ན་མ་སྨིན་མི་ཚུ་འབད་རུང་ དོགས་སྣང་ཐོག་ལུ་ དྲི་ཞིབ་འབདཝ་ད་ རང་སོའི་ཐོབ་དབང་དང་ ཁྲིམས་ལུགས་དང་འཁྲིལ་ འབད་དགོཔ་བཞིན་དུ་ ཝམ་རོང་གི་ བྱུང་རྐྱེན་ནང་ཡང་ ན་གཞོན་ལོ་ན་མ་སྨིན་མི་ཚུ་ཡོདཔ་ལས་ ཁྱད་རིག་དང་ དྲན་ཤེས་ཐོག་ལས་ དང་ལེན་འབད་ཡོད་པ་ཅིན་ ལྕེབས་ཤིའི་གནད་དོན་དེ་ མ་བྱུངམ་འོང་།
འདི་བཟུམ་མའི་ རྩོད་དོན་ཚུ་ནང་ འབྲེལ་ཡོད་དབང་འཛིན་ཚུ་གིས་ རྩོད་དོན་ག་ཅི་ནང་འབད་རུང་ ན་འཐན་དྲནམ་བཏོན་དགོཔ་་ཡོད་མི་དེ་ཡང་ མི་སྡེའི་ནང་ རང་སྲོག་བཅད་མི་ མང་ཤོས་ར་ སེམས་ཤི་མི་དང་ སྡུག་བསྔལ་ཕོག་མི་ དེ་ལས་ མི་སྡེའི་དཀའ་ངལ་དང་ སེམས་ཁམས་དང་འབྲེལ་བའི་ ནད་གཞི་ཚུ་ལུ་བརྟེན་ རང་སྲོག་བཅདཔ་ཨིན་མས།
འབྲུག་ལུ་ རང་སྲོག་བཅད་མི་ཚུ་གི་སྐོར་ལས་ ཞིབ་འཇུག་དང་པ་འབད་མི་དང་འཁྲིལཝ་ད་ མི་ཚུ་གིས་ རང་སྲོག་བཅད་དགོ་པའི་ རྒྱུ་རྐྱེན་ལེ་ཤ་ཡོད་མིའི་ནང་ལས་ སློབ་གྲྭ་ཚུ་ནང་ ན་གཞོན་ཚུ་ལུ་ ཤེས་ཡོན་དང་འབྲེལ་བའི་ ཨུ་ཚུགས་བྱུང་མི་དང་ ཆོས་རྒྱུགས་ནང་ལས་ མཐར་མི་འཁྱོལ་ནི་ ཡང་ཅིན་ ཤེས་ཡོན་གྱི་ གྲུབ་འབྲས་ལེགས་ཤོམ་ མི་འཐོབ་ནི་ཨིན་པའི་ ཚ་གྱང་ལུ་བརྟེན་ རང་སྲོག་བཅད་དོ་ཡོད་པའི་ མངོན་གསལ་བྱུང་ཡོདཔ་བཞིན་དུ་ འབྲེལ་ཡོད་དབང་འཛིན་ཚུ་གིས་ ཝམ་རོང་གི་ བྱུང་རྐྱེན་ལུ་ གཞི་བཞག་སྟེ་ ན་གཞོན་ཚུ་དང་འབྲེལ་བའི་ རྩོད་དོན་ཚུ་ནང་ལྷོདཔ་ད་ དྲན་པ་ཐེབས་བཏོན་ནི་དེ་གལ་ཆེ།

About admin

Check Also

བཀྲིས་གཡང་རྩེའི་ མི་སེར་ཚུ་གིས་ སྒོ་ནོར་གསོ་སྐྱོང་འབད་ནི་ལུ་ སྤྲོ་བ་བསྐྱེད་དོ་ཡོདཔ།

༉ བཀྲིས་གཡང་རྩེ་ཁྲོམ་ཁར་ ཨོ་ཆས་བཙོང་སའི་ཁང་མིག་ནང་ དྲོ་པ་ལས་ར་ ཨོམ་དང་མར་ དར་ཚིལ་ ཞོ་གིས་ གང་སར་མཐོངམ་ཨིནམ་པས། དེ་ཡང་ བཀྲིས་གཡང་རྩེའི་མི་ཚུ་གིས་ སྒོ་ནོར་ལེགས་ཤོམ་སྦེ་ གསོ་སྐྱོང་འཐབ་དོ་ཡོད་པའི་ རྟགས་མཚན་ཨིནམ་མ་ཚད་ སྒོ་ནོར་གྱི་ཐོན་སྐྱེད་ཡར་དྲག་སོང་ཡོད་པའི་ རྟགས་མཚན་ཅིག་ཡང་ …

Leave a Reply

Your email address will not be published. Required fields are marked *