ལྕང་ལཱ་རྐྱབ་ནིའི་དོན་ལུ་ ས་རྐོ་བཞག་མི་ ཨ་རིང་ཚུ།

མནའ་སྦྱིས་དང་ སྐོར་ཕུགཔ་ཚུ་གིས་ ལྕགས་ཀྱི་དྲྭ་མིག་རཝ་ འཐོབ་ཚུགས་པའི་རེ་བ་ བསྐྱེད་དོ་ཡོདཔ།

༉ ཀྲོང་གསར་མནའ་སྦྱིས་དང་ སྐོར་ཕུག་གི་མི་ཚུ་ ལྕང་ལཱ་རྐྱབ་ནིའི་ དུས་ཚོད་རན་ཡོདཔ་ལས་ འབྱ་ཞིང་ཚུ་ རི་དྭགས་སེམས་ཅན་ཚུ་ལས་ སྲུང་སྐྱོབ་འབད་ནིའི་དོན་ལུ་ ལྕགས་ཀྱི་དྲྭ་མིག་རཝ་ འཐོབ་ཚུགས་པའི་རེ་བ་བསྐྱེདཔ་ཨིན་པས།
དེ་ཡང་ སྐོར་ཕུག་སྟོད་དང་སྨད་ དེ་ལས་ མནའ་སྦིས་སྤྱི་འོག་༣ གྱི་ མི་སེར་ཚུ་གི་ འབྱ་ཞིང་ཨེ་ཀར་༢༠༠ དེ་ཅིག་ སྟབས་གཅིག་ཁར་ མནའ་སྦྱིས་ལུ་ཡོདཔ་ལས་ ལྕགས་ཀྱི་དྲྭ་མིག་རཝ་བསྒོར་བ་ཅིན་ ཕན་ཐོགས་འབྱུང་ནི་མས་ཟེར་ཨིནམ་ད་ ཞིང་ཚུ་ག་ར་ གཅིག་ཁར་ཡོདཔ་ལས་ ལཱ་འབད་ནི་ལུ་ཡང་ སྟབས་བདེ་བའི་ཁར་ གཡུས་ཚན་རེ་ལུ་ རེ་རེ་བཟོ་མ་དགོ་པའི་ ཁེ་ཕན་ཡོདཔ་ཨིན་པས།
ད་རེས་ནངས་པར་ ས་གནས་མང་ཤོས་ཅིག་ནང་ གཞུང་གི་ཁ་ཐུག་ལས་ གློག་ཐག་རཝ་གི་ རྒྱབ་སྐྱོར་འབད་དོ་ཡོདཔ་ཨིན་རུང་ སྐོར་ཕུག་གི་མི་ཚུ་གིས་ གློག་ཐག་རཝ་གིས་ སེམས་ཅན་ཚུ་བཀག་ནི་ལུ་ ཕན་ཐོགས་མེདཔ་ལས་ དེ་ལུ་ དང་འདོད་མེདཔ་ཨིན་པས།
མི་ཚུ་གི་ རེ་བ་ལས་འབད་བ་ཅིན་ རཝ་གི་རྩ་བར་ རྩིགཔ་རྐྱབ་ཞིནམ་ལས་ དེ་གུ་ ལྕགས་ཀྱི་དྲྭ་མིག་རཝ་ མི་གཟུགས་༡ དེ་ཅིག་བསྒོར་བ་ཅིན་ སེམས་ཅན་ཚུ་ལས་ བསྲུང་ཚུགས་པའི་ཁར་ ཡུན་བརྟན་གནས་ཚུགས་ཟེར་ཨིན་པས།
མི་ཚུ་གིས་ སླབ་མིའི་ནང་ ལྕགས་ཀྱི་དྲྭ་མིག་རཝ་ དགོ་པའི་ཞུ་བ་དེ་ འདས་པའི་གཞུང་གི་བློན་ཆེན་ ས་གནས་ནང་ བྱོན་པའི་སྐབས་ལུ་ ཞུ་བ་ཕུལ་ཡོདཔ་མ་ཚད་ བཙག་འཐུའི་ཧེ་མར་ ད་ལྟོའི་གཞུང་གི་ བློན་ཆེན་གྱིས་ སྐུལ་བསྒྲགས་འབད་བར་འོང་པའི་སྐབས་ལུ་ཡང་ གནད་དོན་དེའི་སྐོར་ལས་ ཞུ་བ་འབད་ཡི་ཟེར་ཨིན་པས།
ཕུརཔ་བཀྲིས་ཀྱིས་ སླབ་མིའི་ནང་ སྤྱི་འོག་༣ གྱི་ མི་སེར་ཚུ་གི་རེ་བ་ཟེར་རུང་ གཞུང་གི་ཁ་ཐུག་ལས་ ལྕགས་ཀྱི་དྲྭ་མིག་རཝ་ གནང་ནི་དེ་ཨིན་ཟེར་ཨིནམ་ད་ འདི་མེན་པ་ཅིན་ ལྕང་ལཱ་རྐྱབ་པའི་ཤུལ་ལས་ མི་༡ ཐོག་སྲུངམ་སྲུང་སར་ སྡོད་དགོ་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ སྐོར་ཕུག་ལུ་སྡོད་མི་ཚུ་ ལཱ་འབད་བར་ ནབ་སྦྱིས་ལུ་འོང་དགོཔ་ལས་ ལམ་ཐག་རིང་བའི་ཁར་ ལྕང་ལཱ་རྐྱབ་ཞིནམ་ལས་ ཉིན་བསྟར་བཞིན་དུ་ ཐོག་བསྲུང་བར་འོང་དགོཔ་ལས་ དཀའ་ངལ་སྦོམ་ཡོད་ཟེར་ཨིན་པས།
ཤེས་རྟོགས་བྱུང་མིའི་ནང་ ཧེ་མ་ཚར་གཅིག་ གཞུང་གིས་ གློག་ཐག་རཝ་གནང་ཡོདཔ་ཨིན་རུང་ མི་ཚུ་གིས་ ཕན་ཐོགས་མིན་འདུག་ཟེར་སླབ་སྟེ་ རཝ་བསྒོར་མ་བཏུབ་པར་ བཞག་ཡོདཔ་སྦེ་ཨིན་པས།
མི་ཚུ་གིས་ བཤད་མིའི་ནང་ གློག་ཐག་རཝ་དེ་ རི་ཕག་ཚུ་གིས་ ལྕགས་བཏོག་གཏང་དོ་ཡོདཔ་མ་ཚད་ ཐགཔ་གི་འོག་ལས་ ས་རྐོ་ཞིནམ་ལས་ ནང་ན་འཛུལ་དོ་ཡོདཔ་ད་ ཤིང་གི་ཀཝ་ཚུ་ཡང་ ལོ་༢ དང་༣ ནང་ ཚར་རེ་སོར་དགོཔ་ལས་ ཕན་ཐོགས་སྦོམ་ཅིག་ར་ མིན་འདུག་ཟེར་ཨིན་པས།
མནའ་སྦྱིས་ལས་ འཆི་མེད་ལྷ་མོ་གིས་ སླབ་མིའི་ནང་ ལྕགས་ཐག་རཝ་གནང་ནིའི་ ལོ་རྒྱུས་གོ་ཡོདཔ་ལས མགྱོགས་སུ་ཅིག་སྦེ་ གནང་ཐབས་ཡོད་པ་ཅིན་ བཀྲིན་ཆེ་ནི་མས་ཟེར་ཨིནམ་ད་ འདས་པའི་ལོ་ནང་ དུས་ཚོད་མང་ཤོས་ཅིག་ ལོ་ཐོག་བསྲུང་ནིའི་ནང་ རྫོགས་སོ་ཡི་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ མི་ལ་ལོ་ཅིག་གིས་ སེམས་ཅན་ཚུ་ལས་ ཐོག་བསྲུང་མ་ཚུགས་ནི་དེ་གིས་ ཞིང་ཚུ་སྟོངམ་སྦེ་བཞག་ཡོདཔ་ལས་ གལ་སྲིད་ རཝ་གནང་ཐབས་ཡོད་པ་ཅིན་ ཞིང་ཚུ་ནང་ ལོག་སྟེ་ར་ ལཱ་འབད་ཚུགས་ནི་མས་ཟེར་ཨིན་པས།
དེ་བཟུམ་སྦེ་ སྐོར་ཕུག་ལས་ བཀྲིས་དཔལ་འབྱོར་གྱིས་ སླབ་མིའི་ནང་ ལཱ་ག་དེམ་ཅིག་ རྩ་འགེངས་ཏེ་འབད་རུང་ ཐོག་བསྡུ་ནི་རནམ་ད་ མང་ཤོས་སེམས་ཅན་ཚུ་གིས་ ཟ་ཡོདཔ་ལས་ ལཱ་འབད་ནི་ལུ་ སྤྲོ་བ་ཞན་འགྱོཝ་མས་ཟེར་ཨིནམ་ད་ ན་གཞོན་ཚུ་གིས་ཡང་ ལཱ་འབད་ནི་ལུ་ དང་འདོད་མི་བསྐྱེད་པས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ལྕགས་ཀྱི་དྲྭ་མིག་རཝ་གནང་ཚུགས་པ་ཅིན་ ཡུན་བརྟན་གནས་ཚུགས་པའི་ཁར་ སེམས་ཅན་ཚུ་ལས་ཡང་ ཐོག་བསྲུང་མི་དགོ་ནི་ཨིནམ་ལས་ ལཱ་གཞན་འབད་ཚུགས་པའི་ཁར་ ན་གཞོན་ཚུ་གིས་ཡང་ ལཱ་འབད་ནི་ལུ་ སེམས་ཤུགས་ཐོབ་སྟེ་ གྲོང་གསེབ་ལས་ཁྲོམ་ཁར་ གནས་སྤོ་འགྱོ་ནི་ལས་ བཀག་ཐབས་འབད་ནི་ལུ་ ལྷན་ཐབས་འབད་ཚུགས་ཟེར་ཨིན་པས།
དབང་དྲག་གིས་ སླབ་མིའི་ནང་ ས་གནས་དེ་ གླིང་གའི་འོག་ལུ་ཚུདཔ་ལས་ སེམས་ཅན་ཚུ་ལུ་ གནོདཔ་མ་བཀལ་བར་ བཞག་དགོ་མི་དང་འཁྲིལ་ མི་ཚུ་ཡང་ ཐོག་བསྲུང་མ་དགོ་པའི་ཐབས་ལམ་ རཝ་བསྒོར་ནི་དེ་ར་ ཨིན་ཟེར་ཨིན་པས།
དེ་ལུ་ སྐོར་ཕུག་རྒཔོ་ སངས་རྒྱས་མཁའ་འགྲོ་གིས་ སླབ་མིའི་ནང་ མི་ཚུ་གིས་ ལྕགས་ཀྱི་དྲྭ་མིག་རཝ་ དགོ་པའི་ཞུ་བ་ ཡང་བསྐྱར་འབད་དོ་ཡོདཔ་ལས་ རྒེད་འོག་ཚོགས་སྡེ་ནང་ གྲོས་བསྟུན་འབད་ཞིནམ་ལས་ འཆར་གཞི་༡༢ པའི་ནང་ བཙུགས་ཏེ་ཡོད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ རིང་ཚད་ཀི་ལོ་མི་ཊར་༥ ལྷགཔ་ཅིག་ རཝ་བསྒོར་དགོཔ་ལས་ བཟོ་རིག་འགོ་དཔོན་ཚུ་གིས་ སྔོན་རྩིས་བཏོན་པའི་སྐབས་ མ་དངུལ་ དངུལ་ཀྲམ་ས་ཡ་༢༠ དེ་ཅིག་ གནསཔ་མས་ཟེར་ཨིན་པས།
ད་ལྟོ་ རྒེད་འོག་ལུ་ ལས་སྣ་ག་རའི་དོན་ལས་ འཆར་དངུལ་ཡོངས་བསྡོམས་ དངུལ་ཀྲམ་ས་ཡ་༨ དེ་ཅིག་ལས་མེདཔ་བཞིན་དུ་ རཝ་བསྒོར་ནིའི་དོན་ལུ་ འཆར་དངུལ་མེདཔ་ལས་ རྒེད་འོག་གིས་ འབད་མི་ཚུགས་ནི་ཨིན་རུང་ འབྲེལ་ཡོད་དབང་འཛིན་ཚུ་ལུ་ རྒྱབ་སྐྱོར་གྱི་ཞུ་བ་ཕུལ་ཏེ་ཡོད་ཟེར་ ཨིན་པའི་གནས་ཚུལ།

ཉིམ་རྡོ་རྗེ། ཀྲོང་གསར།

 

About admin

Check Also

གནམ་གཤིས་འགྱུར་བགྲོད་ཀྱིས་ སྐྱེ་ལྡན་རིགས་སྣ་ལུ་གནོད་ཉེན།

༉ རྒྱལ་སྤྱི་འཛམ་གླིང་ནང་ སྐྱེ་ལྡན་རིགས་སྣ་༡༡,༠༠༠ དེ་ཅིག་ཡོད་མི་ལས་ འབྲུག་རྒྱལ་ཁབ་འདི་ སྐྱེ་ལྡན་རིགས་སྣ་གིས་ ཕྱུག་མི་ཅིག་ཨིནམ་ད་ རྒྱལ་ཁབ་ཀྱི་ས་ཁོངས་དང་ སའི་ཆགས་ཚུལ་ སའི་དབྱིབས་དང་འཁྲིལ་ ཤིང་སྣ་དང་ སྲོག་ཆགས་སྣ་ཚོགས་ཀྱིས་ གང་ཡོདཔ་ཨིན། ཨིན་རུང་ འཛམ་གླིང་གངས་ལྗོངས་ནང་ …

Leave a Reply

Your email address will not be published. Required fields are marked *