མདའ་ཕོག་མི་ཚུ་གི་ གཟུགས་ཁ་ལས་ གཤག་བཅོས་ཐོག་བཏོན་མི་ མདའ་དང་ཁུ་རུ། པར-རྩ་ཁམས་གཤག་བཅོས་མཁས་མཆོག་ ཌོག་ཊར་ བཀྲིས་བསྟན་འཛིན།

མདའ་རྩེད་འགྲན་བསྡུར་ སྲོག་དང་བྲལ་བའི་ རྩེདམོ་ཅིག་ལུ་གྱུར་ཡོདཔ།

༉ མི་མང་ཤོས་ཅིག་གིས་ རང་ལུགས་ཀྱི་ མདའ་རྩེད་འགྲན་དང་ ལྟདམོ་ལྟ་བར་འགྱོ་བའི་སྐབས་ རང་གིས་རང་ལུ་ ཉེན་སྲུང་དང་ལྡནམ་སྦེ་ མཐོངམ་ཨིན་རུང་ རྐྱེན་ངན་གྱི་ ཉེན་ཁ་ཚུ་ རྒྱ་ཆེ་དྲགས་སྦེ་ར་ཡོདཔ་ཨིན་པས།
དེ་འབདཝ་ལས་ མདའ་རྩེད་འགྲན་བསྡུར་སྐབས་ ངོ་རྐྱང་ཚུ་ལུ་ མདའ་ཕོག་མི་དང་ ཤི་རྐྱེན་བྱུང་པའི་གནས་ཚུལ་ ཐོན་དང་འཐོན་བཞིན་དུ་ཡོད་པའི་ཁར་ རྒྱལ་ཁམས་ལུ་ སྨན་བཅོས་ཀྱི་ གྱོང་རྒུད་ཡང་ སྦོམ་སྦེ་ར་ ཕོག་དོ་ཡོདཔ་ཨིན་པས།
འཕྲལ་གྱི་བྱུང་རྐྱེན་ནང་ སྤྱི་ཟླ་༡༡ པའི་ཚེས་༡༤ ལུ་ ཆུ་ཁ་རྫོང་ཁག་གི་ ས་གནས་ཅིག་ནང་ མཐུན་འབྲེལ་གྱི་ མདའ་རྩེད་འགྲན་བསྡུར་འབད་བའི་སྐབས་ ཕོ་སྐྱེས་ཅིག་ ཕྱི་རྒྱལ་གྱི་མདའ་གིས་ མགུ་ཏོ་གུ་ཕོག་སྟེ་ ཤི་རྐྱེན་བྱུང་ནུག།
མདའ་དེ་ ཚེ་འདས་ཕོ་སྐྱེས་དེ་གི་ ཀླད་པའི་སྦུག་ནང་ལས་མར་ འཛུལ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ད་རུང་ དེ་ཚེ་ཅིག་ཁར་ ཕོ་སྐྱེས་ཅིག་གི་ མིག་ཏོ་གུ་ རང་ལུགས་ཀྱི་ མདའ་ཕོག་མི་ལུ་བརྟེན་ མིག་ཏོ་ཡ་ཅིག་ ཞརཝ་ཐལ་ཡོདཔ་ཨིན་པས།
ཐིམ་ཕུག་འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ ཌོག་ཊར་ཅིག་གིས་ སླབ་མིའི་ནང་ དེ་བཟུམ་མའི་ རྐྱེན་ངན་ཚུ་ ལས་སྡེ་དང་ དབང་འཛིན་ཚུ་གིས་ འགྲན་བསྡུར་འགོ་འདྲེན་འཐབ་པའི་སྐབས་ རེ་གཉིས་མ་གཏོགས་འབྱུང་ནི་མེད་རུང་ མང་ཤོས་ར་ སྤྲོ་སྟོན་ཐོག་ལས་ རྩེད་འགྲན་འབད་བའི་སྐབས་ལུ་ བྱུངམ་མས་ཟེར་ཨིན་པས།
དེ་ཡང་ སྤྱིར་བཏང་ལོ་གསར་དང་འབྲེལ་བའི་ དུས་སྟོན་དང་ རྟེན་འབྲེལ་ཚུ་གི་སྐབས་ ལ་ལོ་ཅིག་གིས་ ཆང་འཐུང་ ལ་ལོ་ཅིག་ མདའ་རྩེད་ཐངས་ཀྱི་ སྦྱང་བ་འབད་མི་ལུ་བརྟེན་ བྱུངམ་ཨིན་མས་ཟེར་ཨིན་པས།
རྐྱེན་ངན་ལ་ལོ་ཅིག་ འབའ་སྐྱོར་ཚུ་ནང་ ཉེན་སྲུང་གི་ མཐུན་རྐྱེན་མེད་མི་ལུ་བརྟེན་ཏེ་ བྱུང་དོ་ཡོདཔ་ཨིན་རུང་ ལ་ལོ་ནང་ ཉེན་སྲུང་གི་ ཐབས་ལམ་ཚུ་ཡོད་རུང་ རྐྱེན་ངན་བྱུང་དོ་ཡོདཔ་ཨིན་པས།
དེ་མ་ཚད་ ད་ལྟོ་ཚུན་ མདའ་གིས་ གཟུགས་ཀྱི་ཡན་ལག་ གཞན་ཚུ་ནང་ཡང་ ཕོག་མི་ཚུ་གི་གྲས་ལས་ མང་ཤོས་ར་ མགུ་ཏོ་གུ་ ཕོག་དོ་ཡོད་མི་དེ་ གནད་དོན་ག་ཅི་ལུ་བརྟེན་ཏེ་ཨིན་ན་ ཤེས་མ་ཚུགས་ཟེར་ ཌོག་ཊར་གྱིས་ བཤདཔ་ཨིན་པས།
དེ་ལས་ རྐངམ་དང་ སྒལ་ཚིགས་ བྱང་ཁོག་གུ་ལས་ཕར་ཡང་ ཕོག་ནི་ཡོདཔ་ཨིན་པས།
ཌོག་ཊར་གྱིས་ སླབ་མིའི་ནང་ རང་ལུགས་ཀྱི་ མདའ་རྩེད་ནང་ ལག་ལེན་འཐབ་མི་ སྤག་ཤིང་གི་ མདའ་ཚུ་ འབད་བ་ཅིན་ གྲོས་ཀྱིས་སྦེ་ འོང་ས་མཐོངམ་ཨིན་རུང་ ཤུགས་ཚད་ཆེ་དྲགས་ཡོད་མི་ དེང་སང་ཕྱི་རྒྱལ་གཞུ་གི་ཐོག་ལས་རྐྱབ་མི་ ལྕགས་མདའ་ཚུ་འོང་ས་ མི་མཐོང་དོ་ཡོདཔ་མས་ཟེར་ཨིན་པས།
ཌོག་ཊར་གྱིས་འབད་བ་ཅིན་ རྐྱེན་ངན་ལ་ལོ་ཅིག་ ལྟདམོ་ལྟ་མི་ཚུ་ལུ་ཡང་ བྱུང་དོ་ཡོདཔ་ཨིན་རུང་ མང་ཤོས་ཅིག་ མདའ་རྩེདཔ་ཁོང་ར་ འབའ་སྐྱོར་ནང་ ཆ་རོགས་ཚུ་ལུ་ མདའ་ག་དེ་ཕོག་ཅི་ག་ བརྡ་སྟོན་པའི་སྐབས་དང་ འབའ་སྐྱོར་གྱི་ མཐའམ་བདའ་སྟེ་ སྡོད་ས་ལས་ཕར་ ཕོག་དོ་ཡོདཔ་མས་ཨིན་པས།
ལ་ལོ་ཅིག་ འབའ་སྐྱོར་གྱི་ གཡས་གཡོན་བདའ་སྟེ་ ཉེན་སྲུང་གི་དོན་ལུ་བཟོ་བའི་ གྱང་རྩིག་དང་ ཤིང་ལེབ་ཚུ་གི་རྒྱབ་ཁར་ གཡིབ་སྡོད་རུང་ མདའ་འོང་མ་འོང་ལྟཝ་ཨིན་ཟེར་ མགུ་ཏོ་ཡུདཔ་ཐེངས་ཅིག་ བཏོན་བལྟ་བའི་སྐབས་ ཕོག་མི་ཡང་འདུག་ཟེར་ཨིན་པས།
མདའ་གིས་ མགུ་ཏོ་དང་ ཀླདཔ་ དེ་ལས་ དོན་ཧིང་གུ་ཕོག་པ་ཅིན་ དྲག་ཚུགས་པའི་གོ་སྐབས་ ཉུང་སུ་ཅིག་ལས་བརྒལ་མེད་ཟེར་ ཌོག་ཊར་གྱིས་ བཤད་པའི་ཁར་ ད་ལྟོ་ཚུན་ མདའ་ཕོག་སྟེ་ གནས་སྟངས་འཚུབས་དྲགས་ཐལ་མི་ ནདཔ་༥ དེ་ཅིག་ རྒྱ་གར་གྱི་ སྨན་ཁང་ཚུ་ནང་ སྨན་བཅོས་འབད་བར་བཏང་མི་ལས་༡ ལུ་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།
སྤྱི་ལོ་༢༠༠༩ ལུ་ སྤ་རོ་ལུ་ ལོ་༢ ལང་མི་ ཨ་ལོ་ཅིག་གི་ མགུ་ཏོ་གུ་ ལྕགས་ཀྱི་མདའ་ཕོག་ཡོད་རུང་ རྒྱལ་ཁབ་ནང་ར་ སྨན་བཅོས་འབད་དེ་ ད་ལྟོ་ གནས་སྟངས་ལེགས་ལྡན་ཐོག་ལུ་ ཡོདཔ་ཨིན་པས།
གསོ་བའི་མཁས་མཆོག་ཚུ་གིས་ སླབ་མིའི་ནང་ མདའ་ཕོག་པའི་རྐྱེན་ངན་ མང་ཤོས་ཅིག་ར་ མི་གཞོན་ཤོས་ཚུ་ལུ་ བྱུང་དོ་ཡོདཔ་ད་ དེ་ཡང་ རྒན་ཤོས་ཚུ་གིས་ ཕྱི་རྒྱལ་གྱི་ མདའ་གཞུ་ལག་ལེན་འཐབ་ནི་མེདཔ་ལས་ རྩེད་འགྲན་འབད་རུང་ རང་ལུགས་ཀྱི་ མདའ་རྐྱངམ་གཅིག་ རྩེད་ནི་དེ་གིས་ཨིན་པས་ཟེར་ཨིན་པས།
མདའ་རྩེད་འདི་ རྒྱལ་ཡོངས་ཀྱི་རྩེདམོ་དང་ རང་ལུགས་ཀྱི་ སྲོལ་ཅིག་ཨིན་རུང་ རྩེད་འགྲན་འབད་བའི་སྐབས་ ཉེན་སྲུང་གི་ ཐབས་ལམ་བཏོན་དགོཔ་མ་ཚད་ ཆང་འཐུང་ནི་ཚུ་ འཛེམ་དགོཔ་ཁག་ཆེ་ཟེར་ གསོ་བའི་འགོ་དཔོན་ཚུ་གིས་ བཤད་པའི་ཁར་ ས་ཐག་རིང་སར་ལས་ཕར་ དེ་བཟུམ་མའི་ རྐྱེན་ངན་བྱུངམ་ད་ གནམ་གྲུ་གིས་ལེན་དགོཔ་ ཐོན་དོ་ཡོདཔ་ལས་ ཟད་འགྲོ་ལྕི་དྲགས་གནསཔ་མས་ཟེར་ཨིན་པས།
གསོ་བ་ལྷན་ཁག་གི་ གློ་བུར་སྨན་བཅོས་ཞབས་ཏོག་སྡེ་ཚན་གྱི་གཙོ་འཛིན་ ཀུན་ལེགས་རྡོ་རྗེ་གིས་ སླབ་མིའི་ནང་ གནམ་གྲུ་ཞབས་ཏོག་ ལེན་པའི་སྐབས་ལུ་ གསོ་བ་ལྷན་ཁག་གིས་ འབྲུག་ཐད་འཕུར་གནམ་གྲུ་ཞབས་ཏོག་ཚད་འཛིན་ལུ དུས་ཡུན་ཆུ་ཚོད་རེ་ལུ་ དངུལ་ཀྲམ་༡༥༠,༠༠༠ རེ་ སྤྲོད་དགོཔ་བཞིན་དུ་ དུས་ཡུན་དེ་ཡང་ སྤ་རོ་ལས་ གནམ་གྲུ་འཕུར་ནི་ འགོ་བཙུགས་མི་ལས་ ལོག་སྤ་རོ་ལུ་ མ་ཆགས་ཚུན་ རྩིས་རྐྱབ་སྟེ་ སྤྲོད་དགོ་ཟེར་ཨིན་པས།
ཐད་འཕུར་གནམ་གྲུའི་ ཞབས་ཏོག་དེ་ཡང་ སྤྱི་ལོ་༢༠༡༥ ལུ་ གཞི་བཙུགས་འབད་ཡོདཔ་ལས་ ད་ལྟོ་ཚུན་ རྒྱལ་ཁབ་ཀྱི་ ས་གནས་ཁག་ཚུ་ནང་ལས་ མདའ་ཕོག་མི་ ནདཔ་༦ ལེན་ཡོདཔ་ད་ ནདཔ་དང་པ་དེ་ སྤྱི་ལོ་༢༠༡༥ ཟླ་༡༡ པའི་ཚེས་༡༧ ལུ་ ལེན་ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།

 

About admin

Check Also

གནམ་གཤིས་འགྱུར་བགྲོད་ཀྱིས་ སྐྱེ་ལྡན་རིགས་སྣ་ལུ་གནོད་ཉེན།

༉ རྒྱལ་སྤྱི་འཛམ་གླིང་ནང་ སྐྱེ་ལྡན་རིགས་སྣ་༡༡,༠༠༠ དེ་ཅིག་ཡོད་མི་ལས་ འབྲུག་རྒྱལ་ཁབ་འདི་ སྐྱེ་ལྡན་རིགས་སྣ་གིས་ ཕྱུག་མི་ཅིག་ཨིནམ་ད་ རྒྱལ་ཁབ་ཀྱི་ས་ཁོངས་དང་ སའི་ཆགས་ཚུལ་ སའི་དབྱིབས་དང་འཁྲིལ་ ཤིང་སྣ་དང་ སྲོག་ཆགས་སྣ་ཚོགས་ཀྱིས་ གང་ཡོདཔ་ཨིན། ཨིན་རུང་ འཛམ་གླིང་གངས་ལྗོངས་ནང་ …

Leave a Reply

Your email address will not be published. Required fields are marked *