མཐོང་ཐོས་མྱོང་གསུམ་དང་འབྲེལ་བའི་ མི་རྒན་གྱི་བསམ་འཆར།

༉ འབྲུག་རྒྱལ་ཁབ་འདི་ནང་གི་ སྐྱེ་བོ་ཕོ་མོ་ཆེ་འབྲིང་ཆུང་གསུམ་ག་ར་ ཚེ་ཧེ་མ་ བསོད་ནམས་གྲངས་མེད་བསགས་མི་ལུ་བརྟེན་ སྨན་ལྗོངས་འབྲུག་ཡུལ་འདི་ནང་སྐྱེས་ སྒོས་སུ་ ནང་པ་སངས་རྒྱས་པའི་རྒྱལ་ཁབ་ཅིག་ཨིན་པ་གིས་མ་ཚད་ ལྷག་པར་དུ་ རྒྱལ་པོ་སྙིང་རྗེ་ཅན་གྱི་ མངའ་འོག་ལུ་ དཔལ་ལྡན་འབྲུག་པའི་ མི་སེར་སྦེ་གནས་ཏེ་ འབངས་མི་སེར་ག་ར་ བདེ་ཞིང་སྐྱིད་པའི་ངང་ལུ་ ལོངས་སྤྱོད་བཞིན་དུ་ཡོད་མི་དེ་ ང་བཅས་ག་ར་གིས་ མཐོང་ས་དང་ གཟིགས་སར་ཨིན།
དགའ་བདེ་སྐྱིད་གསུམ་ལྡན་རུང་ མི་ལུས་འདི་ ཐོབ་ཚར་ཞིནན་ལས་ ལོ་ན་གཞོན་དར་མ་དང་ཕྱུགཔོ་ སྤྱང་ཀ་དང་ གོ་ས་མཐོ་དམན་ག་ཅི་བཟུམ་ཅིག་ཨིན་རུང་ ག་ར་རིམ་གྱིས་ ལོ་ན་རྒས་འོང་དགོཔ་ད་ ཚེ་རིངམོ་སྦེ་ སྡོད་ནི་ལུ་ ག་ར་དགའ་བའི་ཁར་ སྨོན་ལམ་ཡང་ ཤི་མ་བཅུག་ ན་མ་བཅུག་ཟེར་བཏབ་ཨིན་མས།
དེ་འབདཝ་ད་ ཚེ་རིང་སྡོད་རུང་ ན་ཚོད་རྒས་པའི་ སྡུག་བསྔལ་དེ་ མ་དགོ་རུང་ མྱོང་དགོཔ་བཞིན་དུ་ སྡུག་བསྔལ་ནང་ལས་ སྡུག་བསྔལ་ཆེ་ཤོས་ཅིག་ ཚེ་སྨད་ལུ་ འཛུལཝ་ད་གི་ སྡུག་བསྔལ་དེ་ཨིནམ་སྦེ་ཚོར་ཡི། ཚེ་སྨད་དེ་ཡང་ ལོ་༧༠ དང་༨༠ གི་རྒྱབ་ལས་ མ་ཤི་ཚུན་གྱི་བར་ན་གི་ སྡུག་བསྔལ་ཨིནམ་སྦེ་ ཚོར་ཡོདཔ་ད་ ང་ཡང་སྐྱེས་ལོ་༨༠ ནང་འཛུལ་ཚར་བའི་ ལོ་རྒན་ཅིག་ཨིན་མི་འདི་ མཐོང་ཐོས་མྱོང་གསུམ་གྱི་ ལོ་རྒྱུས་ཨིན་ཟེར་ཞུ་ནི།
རྒས་ཤོས་ཚོགས་པའི་འབྱུང་ཁུངས།
སྨན་ལྗོངས་ཡུལ་གྱི་བདག་པོ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ སྐུ་ན་གཞོན་རུང་ འཛམ་གླིང་འདི་ནང་ ལོ་རྒན་ཚུ་གི་ སྡུག་བསྔལ་གྱི་ གནས་སྟངས་ཚུ་ མཁྱེན་ཚར་ཏེ་ ལོ་ན་རྒསཔ་ད་ལུ་ཕན་པའི་ རྒས་ཤོས་ཚོགས་པ་ཅིག་ གཞི་བཙུགས་འབད་དགོ་པའི་ བཀའ་རྒྱ་བཟང་པོ་གནང་མི་དེ་ཡང་ དང་པ་ར་ རྒྱལ་ས་ལྟེ་བ་ ཐིམ་ཕུག་ལུ་ རྒྱལ་འཛིན་རྒས་ཤོས་ཚོགས་པ་འགོ་བཙུགས་གནང་པའི་ཤུལ་ལུ་ གསར་སྤང་རྫོང་ཁག་ དགེ་ལེགས་ཕུག་ཁྲོམ་ནང་ཡོད་པའི་ དཔོན་ཁག་བགྲེསཔ་དང་ གཞན་ཡང་ལོ་རྒན་ཚུ་གི་དོན་ལུ་ སྤྱི་ལོ་༢༠༡༤ ལུ་ གཞི་བཙུགས་འབད་ཡི།
མི་དབང་མཆོག་གི་ ཐུགས་ཀྱི་དགོངས་བཞེད་འདི་ དཔལ་ལྡན་འབྲུག་པའི་ རྒྱལ་ཁབ་འདི་ནང་ མི་ཚེ་གཅིག་ གཞུང་གཡོག་ནང་ ཕྱག་ཕྱིད་ཞུ་བའི་མཐའ་མར་ ལོ་གྲངས་ཚང་དགོངས་ཞུ་མཛད་མི་ བློན་པོ་བགྲེསཔ་དང་ ཞི་དྲག་གཉིས་ཀྱི་ དཔོན་ཁག་བགྲེསཔ་ དེ་ལས་ གཞུང་གཡོག་ནང་ ཁྱད་ཆོས་དང་ལྡན་པའི་ གོ་གནས་འཆང་མི་ ཡོན་ཏན་ཀུན་ཚང་ཉམས་མྱོང་ཅན་ཚུ་ ག་ར་རིམ་གྱིས་ ལོ་ན་རྒས་འོང་རུང་ ལ་ལོ་ཅིག་ རིག་པ་དྭངས་ ལྕོགས་གྲུབ་ཡོདཔ་མཁྱེན་ཞིནམ་ལས།
༡༽ ཚེ་སྨད་ལུ་འཛུལ་ཚར་བའི་ ལོ་རྒན་ཚུ་གི་ སྡུག་བསྔལ་བསལ་ནིའི་ ཐབས་ལམ་སྟོན་ནི་དང་།
༢༽ རྒྱལ་ཁབ་ཀྱི་ གཞུང་སྐྱོང་དང་ མི་སྡེ་ཚུ་ནང་ ཉམས་མྱོང་དང་འབྲེལ་བའི་བསམ་འཆར་ རྒྱལ་ཁབ་ལུ་ཕན་པའི་ ལམ་སྟོན་རེ་དང་ སློབ་གྲྭ་ཁག་ཚུ་ནང་ ཉམས་མྱོང་དང་འབྲེལ་བའི་ ལམ་སྟོན་གསལ་བཤད་འབད་ནི།
༣༽ དེ་ལས་ རང་གི་བུ་གཞི་དང་ ན་གཞོན་ལ་ལོ་ཅིག་ ཕ་མ་ལས་ ལམ་སྟོན་དང་ བསླབ་བྱ་ཚུ་ མ་ཐོབ་པར་ སྨྱོ་རྫས་དང་ སྨྱོ་ཆང་ལུ་ལོངས་སྤྱོད་དེ་ ངན་པའི་ལམ་ལུ་འཛུལ་ ལ་ལོ་ཅིག་ སྨྱོ་རྫས་དང་ སྨྱོ་ཆང་ཚུ་ལུ་ བློ་གཏད་དེ་ རང་སྲོག་རང་གིས་བཅད་མི་ཡང་ མང་སུ་སྦེ་ཐོན་སར་མཁྱེན་ནུག།
རྒྱལ་ཁབ་ལུ་ ཤ་ཞེན་ཅན་ ཁྱད་ཆོས་དང་ལྡན་པའི་ ལོ་རྒན་ཚུ་གིས་ རྒྱལ་ཁབ་དང་ ན་གཞོན་ཚུ་ལུ་ཕན་པའི་ བསླབ་སྟོན་བཟང་པོ་རེ་ བྱིན་འོང་ཟེར་ ཐུགས་ཀྱི་རེ་བ་བསྐྱེད་དེ་ ཚོགས་པ་གཞི་བཙུགས་འབད་དགོ་པའི་ བཀའ་རྒྱ་གནང་མི་འདི་ལུ་ ང་བཅས་ག་ར་གིས་ ཧ་གོ་བཞིན་དུ་ཡོད།
འདི་ནང་ལས་ དུས་ཅི་ མི་རྒན་རྒྱལ་མཚན་རང་གི་ སེམས་ལུ་ཡང་ ཚོར་སྣང་མ་འདྲཝ་ཅིག་ འཆར་ཡི་ཟེར་ཞུ་ནི། མ་གཞི་ ཧེ་མ་ཡང་ རྒྱལ་འཛིན་རྒས་ཤོས་ཚོགས་པའི་ ཁྲི་འཛིན་ཚུ་ གོ་གནས་སྦོམ་ལས་ དགོངས་ཞུས་བྱོན་མི་ དྲགོས་བགྲེསཔ་ཚུ་གིས་ མཛད་གནང་བཞིན་དུ་ཡོད་མི་ལུ་ཡང་ བཀའ་དྲིན་བསམ་དོ་ཟེར་ཞུ་ནི།
དུས་ཅི་ལས་ ཚོགས་པའི་གཙོ་འཛིན་ བློན་པོ་བགྲེསཔ་ དར་སྒོ་ཚེ་རིང་དང་ གཙོ་འཛིན་འོགམ་ བློན་པོ་བགྲེསཔ་ ཀུན་བཟང་རྡོ་རྗེ་ཨིནམ་མ་ཚད་ ཚོགས་པའི་བཀོད་ཚོགས་ནང་ བློན་པོ་བགྲེསཔ་དང་ ཞི་དྲག་གཉིས་ལས་ མཁས་མཆོག་དང་ལྡན་པའི་ དཔོན་ཁག་བགྲེསཔ་ལེ་ཤ་ཅིག་ འཛུལ་ཞུགས་མཛད་མི་ལུ་ཡང་ མི་རྒན་ང་རའི་ སེམས་གཏིང་ལས་ར་ དགའ་ཚོར་དང་གཅིག་ཁར་ བཀོད་ཚོགས་ནང་ བཞུགས་མི་ག་ར་ལུ་ བཀྲིས་བདེ་ལེགས་ཡོད་ཟེར་ཞུ་ནི།
ད་ལས་ཕར་ཡང་ དཔེ་བཟང་འདི་ལུ་བལྟ་སྟེ་ རིམ་གྱིས་དགོངས་ཞུས་བྱོན་མི་ བློན་པོ་བགྲེསཔ་དང་དྲུང་ཆེན་ དེ་བཟུམ་སྦེ་ དཔོན་ཁག་བགྲེསཔ་ཚུ་གིས་ རང་དོན་དང་ ཁེ་ཕན་ལུ་ མ་གཟིགས་པར་ རྒྱལ་ཁབ་དང་ རྒས་ཤོས་ཚོགས་པ་ཚུ་ལུ་ རྒྱབ་སྐྱོར་མཛད་གནང་ཟེར་ཞུ་ནི།
མི་དབང་མཆོག་གི་ ཐུགས་བཞེད་འགྲུབ་ནི་ཟེར་རུང་ གཙོ་བོ་འདི་ ད་ལྟོ་ཡོད་པའི་ རྒན་རབས་ཚུ་དང་ མ་འོངས་པའི་ ལོ་རྒན་ཚུ་ལུ་ ཕན་ཐབས་དང་ དྲིན་ཅན་རྒྱལ་ཁབ་འདི་ལུ་ ཞབས་ཏོག་ཕུལ་ནི་གི་ གོ་སྐབས་བཟང་པོ་ཅིག་ཨིན་ཟེར་ཞུ་ནི།
མ་གཞི་ གཞུང་གཡོག་ལས་ དགོངས་ཞུས་བྱོན་མི་ག་ར་ རང་རང་སོ་སོའི་ དཀའཝ་སྤྱད་པའི་འབྲས་བུ་དང་ སྨན་ལྗོངས་འབྲུག་ཡུལ་འདི་གི་ བཀའ་དྲིན་ལས་ ག་ར་མ་ལངམ་དང་ མ་འཐུས་པའི་ ཚ་གྱང་ལང་དགོཔ་མེདཔ་ལས་ ག་ར་ཕུན་སུམ་ཚོགས་ཏེ་བཞུགས་སར་མཇལཝ་མས།
དགོངས་ཞུས་འབད་མི་ཚུ་ཡང་ སྐུ་ངལ་གནང་ནི་གི་ དུས་ཚོད་ཅིག་དང་ ཕྱི་མའི་ལམ་རྒྱགས་བསྒྲུབ་ནིའི་དོན་ལུ་ མ་ཎི་དང་བཛྲ་གུ་རུ་རེ་བགྱང་སྦེ་ བཞུགས་ནི་གི་ ལོ་ཚད་ཅིག་ཡང་ཨིན་རུང་ རྒྱལ་ཁབ་ནང་ སྟབས་མ་བདེཝ་དང་ ན་གཞོན་ཚུ་ མེདཔ་ཐལ་བ་ཅིན་ ང་བཅས་ར་ཕམ་ཚུ་ཡང་ ཐུགས་སྐྱིད་ཏོང་ཏོ་མི་འོང་ཟེར་ཞུ་ནི།
ན་གཞོན་ཚུ་ལུ་ ལམ་སྟོན་བསླབ་བྱ།
བླ་མ་དགེ་བའི་བཤེས་གཉེན་ཚུ་གིས་ཡང་ ཆོས་ཅིག་འབད་རུང་ རང་ཡང་སེམས་སྐྱིད་ལུས་སྐྱིད་བཞག་དགོ་ གཞན་ཕན་གྱི་སེམས་ཅིག་ཡང་དགོ་ཟེར་གསུངསམ་མས། འདི་ནི་ཞར་དང་ཞོར་ལུ་ ན་གཞོན་ཚུ་ལུ་ ལམ་སྟོན་བསླབ་བྱ་ཚུ་ བཤད་བྱིན་ནི་འདི་ ང་བཅས་ཕ་མའི་ལས་འགན་ཨིན། ཁོང་ར་ཉན་རུང་མ་ཉན་རུང་ ན་གཞོན་ཚུ་ ངན་པའི་ལམ་བཀག་ བཟང་པོའི་ལམ་སྟོན་འབད་དེ་ གཅིག་དང་གཉིས་རང་སེམས་བསྒྱུར་ཚུགས་རུང་ ཆོས་དང་དགེ་བའི་ཆ་ཤས་འདི་ཨིན་ཟེར་ཞུ་ནི།
དཔོན་ཁག་བགྲེསཔ་ཚུ་གི་ ཐུགས་ལུ་ཡོད་པའི་ རིག་པ་དང་ ཡོན་ཏན་ ཉམས་མྱོང་ཚུ་ ནང་ན་རུལ་མ་བཅུག་པར་ རྒྱལ་ཁབ་འདི་ལུ་ བཀྲིན་བསམ་ཏེ་ ན་གཞོན་ཚུ་ལུ་ སྤེལ་གནང་པ་ཅིན་ རྒྱལ་ཁབ་ལུ་ ཞབས་ཏོག་དང་ དཔལ་ལྡན་འབྲུག་པའི་བུ་བརྒྱུད་ཀྱི་ ཤུལ་བཞག་ཟེར་རུང་ རྒན་རབས་ཚུ་གི་ བསླབ་བྱ་ཟེར་རུང་ ཕ་མ་རྒན་རབས་ཚུ་གི་ ཁ་ཆེམས་ཟེར་རུང་ འདི་ནང་ཚངམ་མས་ཟེར་མནོཝ་མས།
འདི་ནི་ ཁྱེད་མཁྱེན་ལྡན་ཡོངས་ལུ་ སངས་རྒྱས་བཅོམ་ལྡན་འདས་ལུ་ ཆོས་ཕུལ་དོ་བཟུམ་འགྱོཝ་མས། ཨིན་རུང་ ལོ་གསར་གྲངས་མང་ཟ་བའི་ མི་རྒན་གྱི་ བསམ་འཆར་ཨིནམ་ལས་ ནོར་བ་ཡོད་པ་ཅིན་ དགོངསམ་མ་ཁྲེལ་ཟེར་ཞུ་ནི།
ན་གཞོན་ལ་ལོ་ཅིག་ རྒས་ཤོས་ཚོགས་པ་ཟེར་བའི་ མིང་འདི་གོཝ་ད་ ཁོང་གི་སྙན་ལམ་ལུ་ མ་འདྲཝ་ཅིག་སྦེ་ འཆར་དོ་བཟུམ་ཚོར་མི་དེ་ཡང་ ན་གཞོན་ཡོན་ཏན་ཅན་ཚུ་གིས་ ཞིབ་འཚོལ་རེ་ འབད་ཚུགས་པ་ཅིན་ ད་ལྟོ་ཡོད་པའི་ ལོ་རྒན་དང་ མ་འོངས་ན་གཞོན་ཚུ་ལུ་ ཕན་ཐོགས་འོང་། དཔེར་ན་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ དགུང་ལོ་གཞོན་རུང་ ཚེ་སྨད་ལུ་ འཛུལ་ཚར་བའི་ ཨ་རྒས་དང་ ཨང་རྒས་ཚུ་ལུ་ སྙིང་རྗེ་གིས་གཟིགས་ཏེ་ ཁོང་ལུ་ སྐྱིད་སྡུག་ཚུ་ གནང་དང་གནང་བཞིན་དུ་ཡོད་པ་གིས་མ་ཚད་ གཞུང་སྐྱོང་དབུ་ཁྲིདཔ་ཚུ་ལུ་ཡང་ བཀའ་རྒྱ་གནང་སྟེ་ ལོ་རྒན་ཚུ་ལུ་ རོགས་རམ་གནང་བཞིན་དུ་ཡོདཔ་ ག་ར་གིས་ གཟིགས་སར་ཡོད། འདི་དང་འདྲཝ་སྦེ་ རྒྱ་གར་གྱི་ གློག་བརྙན་རྩེད་མི་ ཨ་མིར་ཁཱན་གྱིས་ ལོ་རྒན་ཚུ་གི་ དཀའ་ངལ་གྱི་སྐོར་ལས་ གློག་བརྙན་ལེ་ཤ་བཟོ་མི་ཚུ་མཐོངམ་ད་ ཁོ་ར་ཡང་ མིག་ལས་མིག་ཆུ་ཤོར་ས་མཐོངམ་ད་ ན་གཞོན་ལ་ལོ་ཅིག་སེམས་བསྒྱུར་ ཕམ་ལུ་ ཞབས་ཏོག་ཕུལ་ནི་དང་ རྒན་གསོ་ཁང་ཚུ་ནང་ རོགས་རམ་མ་དངུལ་ལས་ས་ཡ་ས་ཡ་སྦེ་ བྱིན་མི་ཡང་ ལེ་ཤ་མཐོང་ཅི་ཟེར་ཞུ་ནི།
འདི་ནང་ ལ་ལོ་ཅིག་གི་ མཐོང་སྣང་ལུ་ ལོ་རྒན་ཨ་རྒས་དང་ཨང་རྒས་ ཚེ་སྨད་ལུ་འཛུལ་ཚར་བའི་ ཚོགས་པ་ལུ་ འབྱུང་ཁུངས་མེད་པའི་ ཚོགས་པ་སྦེ་ བརྩི་མི་རེ་ཡང་འདུག། འདི་ནི་མཐོང་མྱོང་དཀོན་པའི་རྟགས་དང་ མ་ཤེས་མི་ལུ་བརྟེན་ཨིནམ་འོང་།
རྒས་ཤོས་ཚོགས་པ་འདི་ནི་ ང་བཅས་ག་ར་གིས་ གུས་བཏུད་དང་བརྩི་བཀུར་ ཞབས་ཏོག་ཕུལ་སའི་ཚོགས་པ་ཅིག་ཨིན། ག་ཅི་སྨོ་ཟེར་བ་ཅིན་ དེ་ནང་ཚེ་རིང་བཞུགས་པའི་ ཕ་མ་བསོད་ནམས་ཅན་དང་ དྲིན་གྱིས་ཕ་མ་ལུ་གྱུར་ཚར་བའི་ རྒན་རབས་ཚུ་ཨིན།
རང་ལུས་སྐྱེས་པའི་ ཕ་མ་མེད་རུང་ ད་ལྟོ་བཞུགས་ཡོད་པའི་ ལོ་རྒན་ཚུ་ སྡུག་བསྔལ་མྱོང་ས་མཐོངམ་ད་ རང་གི་ཕ་མ་ཨིནམ་བསམ་ཏེ་ དེ་ཚུ་ལུ་ ཆ་རོགས་མཛད་གནང་ཚུགས་པ་ཅིན་ ལོ་རྒན་ཚུ་གིས་ སྨོན་ལམ་བཏབ་འོང་། ང་བཅས་ར་འཇིག་རྟེན་པའི་ཁ་སྐད་ལས་ སླབ་སྲོལ་ཅིག་ཡང་ཡོད། མི་རྒན་སེམས་དགའ་བ་ཅིན། གཞོནམ་བསོད་ནམས་བསག། ཟེར་ ད་ལྟོ་ཡོད་པའི་ ན་གཞོན་དང་ མ་འོངས་པའི་ ན་གཞོན་ཚུ་ཡང་ ལས་འདི་ལས་བཙར་དགོ། ཨ་རྒས་ཨང་རྒས་ཀྱི་མིང་དང་ གོ་ས་ལུ་ལྷོད་མི་ འཛམ་གླིང་ནང་བརྒྱ་ཆ་༢༠ དང་༣༠ དེ་ཅིག་མ་གཏོགས་ མི་འོང་ཟེར་མནོཝ་མས། མང་ཤོས་ལོ་༦༠ གི་ནང་འཁོད་ འཇིག་རྟེན་ཕྱི་མར་བྱོན་དགོ་མི་དེ་ཡང་ བརྟག་དཔྱད་འབད་ཚར་བའི་ ལོ་རྒྱུས་ཨིན་ཟེར་ཞུ་ནི།
མི་རྒན་བསོད་ནམས་རྒྱལ་མཚན།
དགེ་ལེགས་ཕུག།

About admin

Check Also

མོང་སྒར་ཁྲོམ་ཁར་ སི་སི་ཊི་བི་པར་ཆས་ཚུ་ གཞི་བཙུགས་འབད་ནི།

༉ མོང་སྒར་ཁྲོམ་གྱི་ ས་ཁོངས་ལྟེ་བའི་ནང་ ཉེན་སྲུང་གི་དོན་ལུ་ སི་སི་ཊི་བི་པར་ཆས་ གཞི་བཙུགས་འབད་བའི་བསྒང་ལས་ ས་ཁོངས་དེ་ནང་ ཁྱད་རིག་ལྡན་པའི་ཁྲོམ་གྱི་བསམ་གཞི་ལུ་ གཞི་བཞག་སྟེ་བཟོ་མི་ ཁྲོམ་གྱི་མཐུན་རྐྱེན་ཚུ་ ཚང་ནི་ཨིན་པས། མོང་སྒར་ཁྲོམ་ལྟེ་བ་དེ་ མོང་སྒར་ཁྲོམ་གྱི་འོག་ལུ་ ས་གནས་ས་ཁོངས་འཆར་གཞི་༧ ཡོད་པའི་ནང་ལས་ …

Leave a Reply

Your email address will not be published. Required fields are marked *