བཀྲིས་སྒང་ལུ་ རྫོང་ཁག་༩ ལས་ འབྲེལ་ཡོད་འགོ་དཔོན་༢༨ ཀྱིས་ སྦྱོང་བརྡར་ལས་རིམ་ནང་ བཅའ་མར་གཏོགས་པའི་བསྒང་།

མཐའ་འཁོར་གནས་སྟངས་ཉམས་སྲུང་ལས་འགུལ་ཚུ་ གྲོང་གསེབ་གནས་རིམ་ནང་ལྷོད་ཡོདཔ།

༉ ཤར་ཕྱོགས་རྫོང་ཁག་དང་ དབུ་ཕྱོགས་རྫོང་ཁག་༩ ལས་ འཆར་གཞི་འགོ་དཔོན་དང་ མཐའ་འཁོར་གནས་སྟངས་འགོ་དཔོན་ དེ་ལས་ རྒེད་འོག་བདག་སྐྱོང་འགོ་དཔོན་འབདཝ་ད་ འགོ་དཔོན་༢༨ ཀྱིས་ བཀྲིས་སྒང་ལུ་ ལས་འགུལ་ཉམས་སྲུང་གྲོས་འཆར་ འབྲི་ཐངས་ཀྱི་ སྦྱོང་བརྡར་འབད་བའི་བསྒང་ཡོདཔ་ཨིན་པས།
འབྲུག་མཐའ་འཁོར་གནས་སྟངས་ཉམས་སྲུང་བློ་གཏད་མ་དངུལ་གྱིས་ འགོ་འདྲེན་འཐབ་མི་ ཉིན་གྲངས་༣ གྱི་ སྦྱོང་བརྡར་ལས་རིམ་དེ་ནང་ གྲོགས་རམ་ལེན་ནིའི་ གྲོས་འཆར་འབྲི་ཐངས་དང་གཅིག་ཁར་ ཐབས་ཤེས་འཆར་གཞི་༣ པའི་སྐོར་ལས་ཡང་ བཤད་བྱིན་དོ་ཡོདཔ་ཨིན་པས།
འགོ་འདྲེན་འཐབ་མི་ འགོ་དཔོན་ཚུ་གིས་ ལས་རིམ་དེ་ཡང་ གྲོགས་རམ་ཐོབ་མི་ཚུ་གི་ ལྕོགས་གྲུབ་གོང་འཕེལ་གཏང་ནི་དང་ མཐའ་འཁོར་གནས་སྟངས་ ཡུན་བརྟན་སྦེ་ ཉམས་སྲུང་འབད་ནིའི་དོན་ལས་ རྒྱབ་སྐྱོར་བྱིན་ཐབས་ལུ་ཨིན་ཟེར་ བཤདཔ་ཨིན་པས།
བློ་གཏད་མ་དངུལ་གྱི་ ལས་རིམ་འགོ་དཔོན་ རྡོ་རྗེ་གིས་ གཡུས་སྒོ་དང་ རྒེད་འོག་བདག་སྐྱོང་ཚུ་གིས་ དེ་བཟུམ་སྦེ་ གྲོགས་རམ་མཐུན་རྐྱེན་ཡོད་པའི་སྐོར་ལས་ མ་ཤེས་མི་ ལེ་ཤ་འདུག་ཟེར་ བཤད་པའི་ཁར་ གནད་དོན་དེ་གི་སྐོར་ལས་ ཤེས་མི་ཚུ་གིས་འབད་རུང་ ལས་འགུལ་ལག་ལེན་གྱི་དོན་ལུ་ གྲོས་འཆར་བཙུགས་ནི་གི་ ལྕོགས་གྲུབ་མིན་འདུག་ཟེར་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ བཅའ་མར་གཏོགས་མི་ཚུ་གིས་ སྦྱོང་བརྡར་ནང་ལས་ཐོབ་མི་ ཤེས་ཡོན་ཚུ་ སོ་ནམ་པ་དང་ མཐའ་འཁོར་གནས་སྟངས་ཉམས་སྲུང་འབད་ནི་གི་ སྤྲོ་བ་ཡོད་མི་ཚུ་ལུ་ གྲོས་འཆར་བཙུགས་ནི་གི་ རྒྱབ་སྐྱོར་བྱིན་ཚུགས་ཟེར་ཨིནམ་ད་ གྲོགས་རམ་དེ་ཡང་ མཐའ་འཁོར་གནས་སྟངས་བློ་གཏད་མ་དངུལ་གྱིས་ བྱིན་ནི་ཨིནམ་ལས་ མི་ཚུ་ལུ་ སེམས་ཤུགས་བསྐྱེད་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ཨིན་པས།
འགོ་དཔོན་ཚུ་གིས་འབད་བ་ཅིན་ སྤྱི་ལོ་༡༩༩༢ ལུ་ འབྲུག་མཐའ་འཁོར་གནས་སྟངས་བློ་གཏད་མ་དངུལ་ གཞི་བཙུགས་འབད་ཞིནམ་ལས་ཚུར་ ད་ཚུན་ དངུལ་ཀྲམ་༡,༡༧༡,༤༡༩,༣༦༡ གནས་པའི་ རང་བཞིན་གནས་སྟངས་ཉམས་སྲུང་གི་ ལས་འགུལ་༢༡༧ དེ་ཅིག་གི་ མ་དངུལ་རྒྱབ་སྐྱོར་བྱིན་ཡོད་ཟེར་ཨིན་པས།
བློ་གཏད་མ་དངུལ་དེ་ལུ་བརྟེན་ ནགས་ཚལ་དང་ གླིང་ག་ཞབས་ཏོག་ལས་ཁུངས་ཀྱིས་ བརྒྱ་ཆ་༣༧.༨༦ དེ་ཅིག་དང་ ཞི་བའི་མི་སྡེ་ལས་ཚོགས་ཀྱིས་ བརྒྱ་ཆ་༨.༥༡ དེ་ལས་ སྒོ་ནོར་ལས་ཁུངས་ཀྱིས་ བརྒྱ་ཆ་༦.༨༦ དེ་ཅིག་ ཁེ་ཕན་བྱུང་སྟེ་ཡོདཔ་ཨིན་པས།
འགོ་དཔོན་ཚུ་གིས་འབད་བ་ཅིན་ གྲོང་གསེབ་ནང་ལས་ གྲོས་འཆར་བཙུགས་མི་གངམ་མིན་འདུག་ཟེར་ཨིནམ་ད་ བློ་གཏད་མ་དངུལ་དེ་ནང་ ན་ཧིང་ སྤྱི་ཟླ་༡༢ པ་ལས་ གྲོས་འཆར་༧༠ ལྷོད་མིའི་གྲས་ལས་༥༠ དེ་ སོ་ནམ་ལྷན་ཁག་ལས་ ལྷོད་ཡོདཔ་ཨིན་པས།
ཉམས་སྲུང་ངོ་མ་འབད་མི་ གྲོང་གསེབ་མི་སེར་ཚུ་ཨིན་མི་དེ་ཡང་ ཁོང་གིས་ མི་དང་ རི་དྭགས་སེམས་ཅན་བར་ནའི་ བྲེལ་ཟིང་བྱུང་མི་དང་ ནགས་ཚལ་མེ་རྐྱེན་ བཀག་ཐབས་འབད་ནི་ འཐུང་ཆུ་མ་ལང་པའི་ དཀའ་ངལ་ཚུ་གི་ གདོང་ལེན་འབད་མི་ཨིན་ཟེར་ ལས་རིམ་འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
བཅའ་མར་གཏོགས་མི་ཚུ་གིས་ བཤད་མིའི་ནང་ གལ་སྲིད་ གྲོས་འཆར་དེ་ ཆ་འཇོག་འགྲུབ་པ་ཅིན་ གྲོགས་རམ་དེ་ལུ་བརྟེན་ གྲོང་གསེབ་མི་སྡེའི་ མི་ཚེ་གནས་སྟངས་དེ་ ཁྱད་པར་སྦོམ་བཟོ་ཚུགས་ཟེར་ཨིནམ་ད་ ད་རེས་ གྲོང་གསེབ་གཡུས་ཚན་ཚུ་ནང་ལས་ཕར་ འཐུང་ཆུ་མ་ལང་པའི་དཀའ་ངལ་དང་ ཤར་ཕྱོགས་རྫོང་ཁག་ནང་ བཟའ་སྤྱོད་མ་འབད་བར་ ས་སྟོངམ་ལུས་པའི་ དཀའ་ངལ་ཚུ་ ཡར་སེང་འགྱོ་དོ་ཡོདཔ་ལས་ དུས་ཚོད་མང་ཤོས་ར་ འཆར་གཞི་མ་དངུལ་དེ་གིས་ སེལ་མི་ཚུགས་པས་ཟེར་ཨིན་པས།
ད་རེས་ འབྲུག་མཐའ་འཁོར་གནས་སྟངས་བློ་གཏད་མ་དངུལ་གྱིས་ ཐབས་ཤེས་འཆར་གཞི་༣ པའི་ནང་ དངུལ་ཀྲམ་ས་ཡ་༤༥༠ བགོ་བཀྲམ་འབད་མི་དེ་ སྤྱི་ལོ་༢༠༡༥ ལས་ འགོ་བཙུགས་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༢༠ ལུ་ མཇུག་བསྡུ་ནི་ཨིན་པས།
དེ་བཟུམ་མའི་ སྦྱོང་བརྡར་དེ་ ནུབ་ཕྱོགས་རྫོང་ཁག་ཚུ་གི་དོན་ལུ་ སྤྱི་ཟླ་༦ པའི་ནང་ སྤུ་ན་ཁ་ལུ་ འགོ་འདྲེན་འཐབ་ཡོད་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

 

About admin

Check Also

གནས་ཚུལ་མདོར་བསྡུས།

བཀྲིས་སྒང་གི་ ལོ་བསྟར་ཚེས་བཅུ་དེ་ ད་རིས་ལས་ འགོ་བཙུགསཔ་བཞིན་དུ་ ཁ་ཙ་ལས་ བཀྲིས་སྒང་ཁྲོམ་ཁར་ སྡོད་མི་ཚུ་གིས་ རྫོང་གི་ཕྱི་ཁར་ ཚོང་བཙུགས་ནིའི་དོན་ལས་ གྲ་སྒྲིག་འབད་ཡོདཔ་ད་ མི་ལོ་༣༥༩ ལང་མི་ བཀྲིས་སྒང་རྫོང་དེ་ ཉམས་གསོ་ཞུ་ནི་འགོ་བཙུགས་ཞིནམ་ལས་ཚུར་ ལོ་བསྟར་ཚེས་བཅུ་དེ་ …

Leave a Reply

Your email address will not be published. Required fields are marked *