མཆོདཔ་ཕུལ་ཏེ་ཡོད་པའི་ མཆོད་བཤམ་ཅིག།

མཆོདཔ་ཕུལ་ནི་དང་ དེའི་ཕན་ཡོན་མདོར་བསྡུས།

༉ འབྲུག་མི་ཆོས་སེམས་ཅན་ཚུ་གིས་ རང་སོའི་ཁྱིམ་ནང་གི་མཆོད་བཤམ་དང་ ལྷ་ཁང་དགོན་སྡེ་ལ་སོགས་པ་ཚུ་ནང་ དྲོ་པ་ཨ་རྟག་ར་ མཆོདཔ་ཕུལ་སྲོལ་ཡོད་རུང་ མཆོདཔ་ཕུལ་བའི་སྐབས་ གཡས་གཡོན་༢ ལས་ འགོ་ག་ཏེ་ལས་ བཙུགས་ནི་ཨིན་ན་ ཤེས་རྟོགས་མེད་པར་ ཐེ་ཚོམ་ཆགས་དོ་ཡོདཔ་ཨིན་པས།
མཆོདཔ་བཤམ་ཚུ་ལུ་ མཁས་པ་ཚུ་གི་ བཞེད་སྲོལ་མ་འདྲཝ་ལེ་ཤ་ཡོད་རུང་ མི་ཚུ་གིས་ དེ་གི་ཁུངས་དང་དགོས་པ་ཚུ་ ལེགས་ཤོམ་སྦེ་ གོ་བ་ལེན་ཚུགས་པ་ཅིན་ འགལ་བ་མེད་རུང་ ལ་ལོ་ཅིག་གིས་ ཧ་མ་གོ་བར་ གཅིག་ཤེས་པ་ཅིན་ གཞན་མི་དེ་ མི་བདེན་ཟེར་ ཐེ་ཚོམ་དང་ ལ་ལོ་ཅིག་གིས་ རང་ཕྱོགས་འཛིན་མི་ལུ་བརྟེན་ གཞན་ལུ་ལོག་ལྟ་བསྐྱེད་ དེ་ལས་ ལ་ལོ་ཅིག་གིས་ ག་ལུ་ཆ་བཞག་ནི་ཨིན་ན་ མ་ཤེས་པར་ མགུ་འཐོམ་བྱུང་དོ་ཡོདཔ་ཨིན་པས།
མཁས་པའི་བསྟན་བཅོས་ཚུ་དང་འཁྲིལ་བ་ཅིན་ མཁས་པ་ལ་ལོ་ཅིག་གིས་ བདག་བསྐྱེད་མཆོད་པ་དེ་ རང་གི་གཡས་ལས་འགོ་བཙུགས་ གཡོན་ཁ་ཐུག་ལུ་ ཕུལ་ནི་དང་ མདུན་བསྐྱེད་མཆོད་པ་དེ་ རྟེན་གྱི་གཡས་ལས་འགོ་བཙུགས་ གཡོན་ཕྱོགས་ལུ་ ཕུལ་དགོཔ་སྦེ་ གསུངས་ཡོདཔ་བཞིན་དུ་ ལ་ལོ་གིས་ ཕ་རྒྱུད་ཀྱི་རིགས་ལུ་འབད་བ་ཅིན་ གཡས་ལས་འགོ་བཙུགས་ནི་དང་ མ་རྒྱུད་ཀྱི་རིགས་ལུ་ གཡོན་ལས་འགོ་བཙུགས་ ཕུལ་དགོ་པའི་སྐོར་ལས་གསུངས་མི་ལུ་ མ་བཏུབ་མིན་འདུག་ཟེར་ཨིན་པས།
དེ་བཟུམ་སྦེ་ ལ་ལོ་ཅིག་གིས་ གསར་མའི་ལུགས་ལས་འབད་བ་ཅིན་ རང་གི་ གཡས་ལས་འགོ་བཙུགས་ནི་དང་ མ་རྒྱུད་ཀྱི་རིགས་ལུ་ གཡོན་ལས་འགོ་བཙུགས་ཕུལ་ནི་ དེ་ལས་ རྙིང་མའི་ལུགས་བཟུམ་ཅིག་འབད་བ་ཅིན་ རང་གི་གདོང་ཁའི་རྟེན་གྱི་ གཡས་ལས་འགོ་བཙུགས་ཕུལ་ནི་དང་ ལ་ལོ་ཅིག་གིས་ གདོང་ཁའི་རྟེན་གྱི་ གཡོན་ལས་གཡུས་ཕྱོགས་ལུ་ ཕུལ་མི་དེ་ ནང་པ་སངས་རྒྱས་པའི་ ལུགས་སྲོལ་ལས་ དཀྱིལ་འཁོར་བསྐོར་དོ་བཟུམ་དང་ གཡས་ལས་གཡོན་ཁ་ཐུག་ ཕུལ་མི་དེ་ བོན་ཆོས་ཀྱི་ རིགས་འདྲེས་ཏེ་ཨིན་ཟེར་ ཆོས་སྐོར་དང་ བོན་སྐོར་ཟེར་ སླབ་དོ་ཡོད་མི་དེ་ མི་བདེན་ཟེར་ཨིན་པས།
དེ་ཡང་ གསར་མ་པ་ ལྷོ་འབྲུག་གི་ ཕྱག་བཞེས་ལུ་འབད་བ་ཅིན་ བདག་མདུན་ལ་སོགས་པའི་ དབྱེ་བ་མ་ཕྱེ་པར་ རང་གི་ གཡས་ཁ་ཐུག་ལས་ གཡོན་ཁ་ཐུག་ ཕུལ་དོ་ཡོད་མི་དེ་ བདེན་པ་ཨིན་རུང་ གསར་མ་པ་ཡོད་ཚད་ཅིག་གིས་ དེ་བཟུམ་སྦེ་ ཁས་མི་ལེན་ཟེར་ཨིནམ་ད་ རྙིང་མ་པ་ཚུ་གིས་ གདོང་ཁའི་རྟེན་གྱི་ གཡས་ཁ་ཐུག་ལས་ ཕུལ་དོ་ཟེར་ སླབ་དོ་ཡོད་རུང་ དེ་ལུ་ ངེས་པ་མེད་ཟེར་ བསྟན་བཅོས་ཚུ་ནང་ལས་ ཐོནམ་ཨིན་པས།
དཔེ་འབད་བ་ཅིན་ རྙིང་མའི་ཕྱག་སྲོལ་ཡོངས་གྲགས་ དཀྱིལ་འཁོར་གྱི་ བྱང་ཤར་ལུ་ མཚམས་འཛིན་མེ་ཏོག་ ཤར་ལུ་མཆོད་ཡོན་ ཤར་ལྷོ་ལུ་ཞབས་བསིལ་ ལྷ་ལུ་མེ་ཏོག་ ལྷ་ནུབ་ལུ་བདུག་སྤོས་ ནུབ་ལུ་མར་མེ་ ནུབ་བྱང་དྲི་ཆབ་ བྱང་ལུ་ཞལ་ཟས་ལ་སོགས་པ་ སྒྲིག་པའི་སྐབས་ གདོང་ཁའི་རྟེན་གྱི་ གཡོན་ཁ་ཐུག་ལས་ གཡས་ཕྱོགས་ལུ་ སྒྲིག་དོ་ཡོདཔ་སྦེ་ མཐོང་སྲོལ་ཡོདཔ་ཨིན་པས།
དེ་མ་ཚད་ སྔ་འགྱུར་རྙིང་མའི་མཁས་གྲུབ་ དཔེ་བྲལ་དག་གིས་ཡང་ གདོང་ཁའི་རྟེན་གྱི་ གཡོན་ཤེས་རབ་སྟོང་པ་ཉིད་ལས་ མཆོད་རྫས་ཐབས་ཀྱི་རྣམ་པ་ ཤར་བའི་ཤུལ་ལུ་ གཡོན་ཁ་ཐུག་ལས་འགོ་བཙུགས་ གཡས་ཕྱོགས་ལུ་ ཕུལ་དགོ་ཟེར་ ཐབས་ཤེས་ཟུག་འཇུག་གི་ དོན་ལུ་དང་མཐུན་པར་ གསུངས་མི་དེ་ ལྷོ་འབྲུག་གི་ ཕྱག་ལེན་ཡང་ དེ་བཟུམ་སྦེ་ར་ཨིནམ་ལས་ མཐར་ཐུག་ལུ་ འགལ་བ་རྩ་ལས་མེད་ཟེར་ཨིན་པས།
གདོང་ཁའི་རྟེན་གྱི་ གཡོན་ལས་གཡུས་ཁ་ཐུག་ མཆོད་པ་ཕུལ་མི་དང་ དཀྱིལ་འཁོར་གཡུས་ལུ་ བསྐོར་མི་༢ དུམ་གྲ་ཅིག་ སོ་སོར་ཨིནམ་ད་ དཀྱིལ་འཁོར་རམ་ ལྷ་ཁང་བཟུམ་ཚུ་ གཡུས་བསྐོར་རྐྱབ་པའི་སྐབས་ སྐོར་ར་རྐྱབ་མི་ཚུ་ རྟེན་གྱི་གཡས་ཕྱོགས་ལས་ གཡོན་ཁ་ཐུག་ གྱལ་རིམ་སྒྲིག་དགོ་མི་དེ་ཡང་ དཔེར་ན་ ཡི་གེ་དྲུག་མ་ལ་སོགས་པའི་ སྔགས་ཕྲེང་གི་ འཁོར་ལོ་བཟུམ་ ཨིན་ཟེར་ཨིན་པས།
སྤྱིར་བཏང་རང་ལས་ རྟེན་རྩ་ཆེ་བའི་དབང་དུ་བཏང་སྟེ་ གདོང་ཁའི་རྟེན་གྱི་ གཡས་ཕྱོགས་ལས་ ཕུལ་མི་དེ་ཡང་ ཡོངས་གྲགས་ཡོདཔ་ལས་ མ་བཏུབ་མེདཔ་ལས་ ལོག་ལྟ་བསྐྱེད་མི་བཏུབ་བཞིན་དུ་ རང་གི་གཡས་ཁ་ཐུག་ལས་ འགོ་བཙུགས་ཕུལ་རུང་ རྒྱུ་མཚན་ཁྱད་པར་ཅན་ཨིནམ་ལས་ གོ་བ་ལོག་པར་ ལེན་ནི་མི་འོང་ཟེར་ཨིན་པས།
གཞུང་གྲྭ་ཚང་གི་ གཙུག་ལག་སློབ་དཔོན་ བསམ་གཏན་རྡོ་རྗེ་མཆོག་གིས་ གསུངས་དོ་བཟུམ་འབད་བ་ཅིན་ ཆོས་ལུགས་ཚུ་དང་འཁྲིལ་ མཆོད་པ་ཕུལ་སྲོལ་དེ་ཡང་ མ་འདྲཝ་ལེ་ཤ་ཡོད་རུང་ འབྲུག་ལུགས་ལུ་འབད་བ་ཅིན་ གཡས་ཁ་ཐུག་ལས་ ཕུལ་མི་དེ་ དྲག་ཤོས་སྦེ་ བརྩི་འཇོག་འབདཝ་ ཨིན་ཟེར་ཨིན་པས།
དེ་ཡང་ རྟེན་འབྲེལ་གྱི་ མཛད་སྒོ་ག་ཅི་ར་ འགོ་བཙུགས་ཏེ་འབད་རུང་ གཡས་ཁ་ཐུག་ལས་ འགོ་བཙུགས་དོ་ཡོད་པའི་ཁར་ མདུན་ནམ་ གདོང་ཁའི་རྟེན་རིགས་ཚུ་ ཐབས་དང་ ཤེས་རབ་ཟེར་༢ ཡོད་མི་ལས་ ཤེས་རབ་ཀྱི་ རང་བཞིན་འབདཝ་ལས་ མཆོད་པ་དེ་ཡང་ ཐབས་ཀྱི་རྣམ་པའི་ཐོག་ལས་ གཡས་ཕྱོགས་ལུ་ ཕུལ་ནི་དེ་གིས་ ཨིན་ཟེར་ཨིན་པས།
སློབ་དཔོན་གྱིས་ གསུངས་མིའི་ནང་ མཆོད་པ་དེ་ དྲོ་པའི་ཆུ་ཚོད་༣ དང་༤ དེ་ཅིག་ལས་ ཕུལ་དགོཔ་བཞིན་དུ་ ངེས་པར་དུ་ ཕྱི་རུའི་ཆུ་ཚོད་༣ དང་༤ དེ་ཅིག་ལུ་ བསྡུ་དགོཔ་སྦེ་མེད་རུང་ ད་རེས་ནངས་པར་ གྲྭ་ཚང་དང་ རྫོང་གཞིས་ཁག་ཚུ་ནང་ བསྡུ་སྲོལ་ཡོད་མི་དེ་ ཆུའི་རྐ་ལམ་ཐག་རིང་མི་ལུ་བརྟེན་ཨིནམ་མ་ཚད་ ཆུ་ནང་ཡོད་མི་ ཐལཝ་དེ་ཚུ་ ལེགས་ཤོམ་སྦེ་ ཆགས་བཅུག་ཞིནམ་ལས་ གཙང་སྦྲ་དང་ལྡནམ་སྦེ་ ཕུལ་ཐབས་ལུ་ ཨིན་ཟེར་ཨིན་པས།
སློབ་དཔོན་གྱིས་འབད་བ་ཅིན་ མཆོད་པ་དེ་ དཀའ་སྡུག་ག་ནི་ཡང་ སྤྱད་མ་དགོ་པར་ ཕུལ་ཚུགས་མི་ཅིག་ཨིནམ་ད་ སྤྱིར་བཏང་མཆོད་པ་ཕུལ་བའི་ ཕན་ཡོན་དེ་ བསོད་ནམས་བསག་ནི་དང་ ལྷག་པར་དུ་ ཡི་དྭགས་བཀྲེས་སྐོམ་ཟེར་ སྐོམ་པའི་སྡུག་བསྔལ་ལ་སོགས་པའི་ མི་མྱོང་ནིའི་ ཕན་ཡོན་ལེ་ཤ་ཡོད་ཟེར་ ཨིན་པའི་གནས་ཚུལ།

བསམ་གྲུབ་ལྗོངས་མཁར་ལས་ སྐལ་བཟང་དབང་ཕྱུག།

 

About admin

Check Also

ནད་གཞི་ཀེན་སར་འཛིན་སྐྱོང་གི་ ཐབས་ལམ་གཅིག་མཚུངས་ བཟོ་དགོ་པའི་ཞུ་བསྐུལ།

༉ འབྲུག་རྒྱལ་ཁབ་ནང་ ནད་གཞི་ཀེན་སར་ཚུ་གི་གྲས་ལས་ ཕོཝ་གི་ཀེན་སར་དེ་ ཁྱབ་ཆེ་དྲགས་ཡོད་པའི་ ངོས་འཛིན་བྱུང་ཡི་ཟེར་ ཀེན་སར་ཚོགས་སྡེ་གིས་ བཀོདཔ་ཨིན་པས། དེ་ཡང་ སྤྱི་ཟླ་༡༢ པའི་ཚེས་༡༤ ལུ་ ཤར་ལྷོ་ཨེ་ཤི་ཡ་ སཱག་ལུང་ཕྱོགས་ཀྱི་ རྒྱལ་སྤྱི་ཀེན་སེར་ཞལ་འཛོམས་ …

Leave a Reply

Your email address will not be published. Required fields are marked *