འབྲུག་སླར་འབྱུང་གློག་མེ་ལས་འཛིན་གྱི་ འཛིན་སྐྱོང་མདོ་ཆེན་ དྲགོས་ཚེ་དབང་རིག་འཛིན་དང་ རྒྱ་གར་གྱི་གློག་མེ་བཀྲམ་སྤེལ་འབད་མི་ ནུས་ཤུགས་ཚོང་འབྲེལ་ལས་སྡེའི་ ཁྲི་འཛིན་དང་མདོ་ཆེན་ཨིན་མི་ དཱི་པག་ ཨ་མི་ཏ་བཱ་གི་བར་ན་ གན་ཡིག་བརྗེ་སོར་འབད་བའི་བསྒང་།

མང་སྡེ་ཆུ་གློག་མེ་ལས་འགུལ་གྱི་ ནུས་ཤུགས་ཚོང་འབྲེལ་གན་ཡིག་གུ་ མཚན་རྟགས་བཀོད་ཡོདཔ།

༉ ཁ་ཙ་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་ཚད་དང་ རྒྱ་གར་གྱི་གློག་མེ་བཀྲམ་སྤེལ་འབད་མི་ ནུས་ཤུགས་ཚོང་འབྲེལ་ལས་སྡེ་ པི་ཊི་སི་གི་བར་ན་ མང་སྡེ་ཆུ་གློག་མེ་ལས་འགུལ་གྱི་ ནུས་ཤུགས་ཚོང་འབྲེལ་གན་ཡིག་གུ་ མཚན་རྟགས་བཀོད་ཡི།
མཚན་རྟགས་དེ་ཡང་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་གྱི་ འཛིན་སྐྱོང་མདོ་ཆེན་ ཚེ་དབང་རིག་འཛིན་དང་ རྒྱ་གར་གྱི་གློག་མེ་བཀྲམ་སྤེལ་འབད་མི་ ནུས་ཤུགས་ཚོང་འབྲེལ་ལས་སྡེའི་ ཁྲི་འཛིན་དང་མདོ་ཆེན་ཨིན་མི་ དཱི་པག་ ཨ་མི་ཏ་བཱ་གི་བར་ན་ བཀོད་ཡོདཔ་ཨིན་པས།
མཚན་རྟགས་དེ་ཡང་ ད་ལས་ཕར་ མང་སྡེ་ཆུ་གློག་མེ་ལས་འགུལ་གྱིས་ ཐོན་སྐྱེད་འབད་མི་ ནུས་ཤུགས་དེ་ རྒྱ་གར་གྱི་ ནུས་ཤུགས་ཚོང་འབྲེལ་ལས་སྡེ་དང་གཅིག་ཁར་ གན་ཡིག་བཀོད་མི་དེ་ འབྲུག་གི་ནུས་ཤུགས་བཙོང་མི་དེ་གི་ སྤྱོད་ཁྲལ་ཚུ་ ལས་སྡེ་གིས་བསྡུ་ཞིནམ་ལས་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་ཚད་ལུ་ སྤྲོད་ནིའི་དོན་ལུ་ཨིན་པས།
འབྲུག་སླར་འབྱུང་གློག་མེ་ལས་འཛིན་ཚད་ཀྱི་ འཛིན་སྐྱོང་མདོ་ཆེན་ ཚེ་དབང་རིག་འཛིན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ གན་ཡིག་བཀོད་མི་དེ་གིས་ མང་སྡེ་ཆུ་གློག་མེ་ལས་འགུལ་གྱི་དབང་ཆ་དེ་ གཞུང་འབྲེལ་ཐོག་ལས་ ལས་འཛིན་གྱིས་ གཞུང་གི་ངོ་ཚབ་སྦེ་ ལེན་པའི་བརྡ་མཚོན་ཨིན་ཟེར་ ཨིན་པས།
དེ་གིས་ འབྲུག་གི་མི་སྡེ་དཔལ་འབྱོར་ལུ་རྐྱངམ་གཅིག་ ལྷན་ཐབས་འབད་ནི་མེན་པར་ རྒྱ་གར་ལུ་ཡང་ གློག་མེ་འཐོབ་ཚུགས་བཟོ་ནི་ལུ་ ཕན་ཐོགས་ཚུགས་ཟེར་ འཛིན་སྐྱོང་མདོ་ཆེན་གྱིས་ བཤད་ཅི།
གན་ཡིག་དང་འཁྲིལཝ་ད་ རྒྱ་གར་གྱི་ལས་སྡེ་གིས་ ཟླཝ་འདི་ མཇུག་བསྡུ་བའི་ཤུལ་ལས་ ནུས་ཤུགས་ཕྱིར་བཙོང་འབད་མིའི་ སྤྱོད་ཁྲལ་ཚུ་ བསྡུ་ལེན་འབད་ནི་ འགོ་བཙུགས་ནི་ཨིན་པས།
མང་སྡེ་ཆུ་གློག་མེ་ལས་འགུལ་གྱི་ ཡུ་ནིཊ་༤ ཡོད་མི་ལས་༡ རྐྱངམ་གཅིག་ འགོ་མ་བཙུགས་པར་ཡོད་མི་དེ་ཡང་ ད་རིས་ འགོ་བཙུགས་ནི་ཨིནམ་ད་ གན་ཡིག་བཀོད་མི་དེ་ རྒྱ་གར་གྱི་བློན་ཆེན་ ན་རེན་ད་ར་ མོ་དཱི་གིས་ འབྲུག་ལུ་གཟིགས་སྐོར་ནང་ འབྱོན་ནི་ཨིན་མི་དང་འབྲེལ་བའི་ ལས་རིམ་ཅིག་ཨིནམ་ད་ བློན་ཆེན་གྱིས་ གློག་མེ་ལས་འགུལ་དེ་ཡང་ འགོ་འབྱེད་མཛད་ནི་ཨིན་པས།
ལས་འགུལ་གྱིས་ ཐོན་སྐྱེད་འབད་མི་ གློག་ཤུགས་མེ་ག་ཡུ་ནིཊ་༥༠༠༠ དེ་ཅིག་ རྒྱ་གར་ལུ་ ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༡༢ རེ་སྦེ་ གོང་ཚད་འགྲིགས་ཡོད་མི་གིས་ རྒྱལ་ཁབ་ལུ་ ལོ་བསྟར་འོང་འབབ་ དངུལ་ཀྲམ་ཐེར་འབུམ་༡༢ དེ་ཅིག་གི་རྩིས་ བཟོ་ཚུགས་ནི་ཨིན་པས།
འོང་འབབ་དེ་ ཧེ་མ་ལས་ཡོད་མི་ དར་ལ་དང་ ཆུ་ཁ་ དེ་ལས་ ཀུ་རི་ཆུ་གློག་མེ་ལས་འགུལ་ཚུ་ལས་ཐོབ་མི་ འོང་འབབ་ལས་ཡང་ ལྷག་ནི་ཨིནམ་ད་ འཛིན་སྐྱོང་མདོ་ཆེན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ ནང་འཁོད་ཀྱི་ གློག་མེ་སྤྱོད་མིའི་གྱངས་ཁ་ ཡར་སེང་སོང་རུང་ འོང་འབབ་ལུ་ གནོད་པ་དེ་ཅིག་ མི་འོང་ཟེར་ཨིན་པས།
བསྟན་རྒྱས་བློན་པོ་ ལོག་ནཱཐ་ཤར་མ་གིས་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་དང་ ལས་འགུལ་ནང་ལཱ་འབད་མི་ རྒྱ་གར་གྱི་འགོ་དཔོན་ཚུ་ལུ་ བཀྲིན་དགའ་ཚོར་ཡོད་ལུགས་ཚུ་ བཤད་མི་དང་འབྲེལ་ རྒྱ་གར་གྱི་ལས་སྡེ་དང་ འབྲུག་སླར་འབྱུང་གློག་མེ་ལས་འགུལ་གྱིས་ ནུས་ཤུགས་དཀོན་དྲགས་འགྱོ་བའི་སྐབས་ ནུས་ཤུགས་གསོག་འཇོག་འབད་ནིའི་དོན་ལུ་ ཐབས་ལམ་ཚུ་ བཏོན་དགོ་པའི་སྐོར་ལས་ བཤད་ཅི།
ནུས་ཤུགས་ཚོང་འབྲེལ་ལས་སྡེའི་ མདོ་ཆེན་དང་ཁྲི་འཛིན་ཨིན་མི་ དི་པག་ ཨ་མི་ཏ་བཱད་ཀྱིས་ འབྲུག་གཞུང་དང་གཅིག་ཁར་ ལོ་ངོ་༡༧ ལྷགཔ་ཅིག་གི་ མཐུན་ལམ་ཡོད་པའི་ཁར་ ནི་ཀ་ཆུ་གློག་མེ་ལས་འགུལ་ལུ་ཡང་ ཁོང་གིས་ གྲོགས་རམ་འབད་འོང་ཟེར་ བཤད་ཅི།
ད་རེས་ གློག་མེ་ལས་འགུལ་དེ་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་ལུ་ རྩིས་སྤྲོད་འབད་མི་དང་འབྲེལ་ ལས་འགུལ་ནང་ འཕྲུལ་རིག་དང་གློག་མེའི་འཕྲུལ་རིགཔ་ཚུ་ ལས་འཛིན་གྱིས་ གཏན་འཇགས་ཀྱི་ལས་བྱེདཔ་༡༣༠ ལྷགཔ་ཅིག་ ལེན་ཡོདཔ་ཨིན་པས།
ཨིན་རུང་ ལས་འགུལ་གྱིས་ ཞི་བའི་ལཱ་འབད་མི་ཚུ་ ལས་འགུལ་མཇུག་བསྡུ་བའི་ཤུལ་ལས་ ལཱ་འབད་དགོཔ་དེ་ཅིག་མེད་ནི་དེ་གིས་ ལེན་མ་ཚུགས་ཟེར་ འཛིན་སྐྱོང་མདོ་ཆེན་གྱིས་ བཤད་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

བཀྲིས་གཡང་རྩེའི་ མི་སེར་ཚུ་གིས་ སྒོ་ནོར་གསོ་སྐྱོང་འབད་ནི་ལུ་ སྤྲོ་བ་བསྐྱེད་དོ་ཡོདཔ།

༉ བཀྲིས་གཡང་རྩེ་ཁྲོམ་ཁར་ ཨོ་ཆས་བཙོང་སའི་ཁང་མིག་ནང་ དྲོ་པ་ལས་ར་ ཨོམ་དང་མར་ དར་ཚིལ་ ཞོ་གིས་ གང་སར་མཐོངམ་ཨིནམ་པས། དེ་ཡང་ བཀྲིས་གཡང་རྩེའི་མི་ཚུ་གིས་ སྒོ་ནོར་ལེགས་ཤོམ་སྦེ་ གསོ་སྐྱོང་འཐབ་དོ་ཡོད་པའི་ རྟགས་མཚན་ཨིནམ་མ་ཚད་ སྒོ་ནོར་གྱི་ཐོན་སྐྱེད་ཡར་དྲག་སོང་ཡོད་པའི་ རྟགས་མཚན་ཅིག་ཡང་ …

Leave a Reply

Your email address will not be published. Required fields are marked *