མང་སྡེ་ཆུ་གློག་མེ་ལས་འགུལ་ འགོ་འབྱེད་འབད་ནིའི་དོན་ལུ་ བཅའ་སྒྲིག་རྐྱབ་པའི་བསྒང་།

མང་སྡེ་ཆུ་གློག་མེ་ལས་འགུལ་གྱི་ གློག་ཤུགས་ཡོངས་རྫོགས་ ཐོན་སྐྱེད་འབད་ནི་ལུ་ གྲ་སྒྲིག་ཡོདཔ།

༉ སྤྱི་ཟླ་༨ པའི་ཚེས་༡༧ ལུ་ རྒྱ་གར་གྱི་བློན་ཆེན་ ན་རེན་ད་ར་མོ་དི་གིས་ མང་སྡེ་ཆུ་གློག་མེ་ལས་འགུལ་ འགོ་འབྱེད་འབད་ནིའི་དོན་ལུ་ མང་སྡེ་ཆུ་གློག་མེ་ལས་འགུལ་གྱི་ ལས་བྱེདཔ་ཚུ་གིས་ བཅའ་སྒྲིག་རྐྱབ་པའི་བསྒང་འདུག།
ལས་འགུལ་གྱི་ མཉམ་འབྲེལ་འཛིན་སྐྱོང་མདོ་ཆེན་ བཙན་སྐྱོགས་ཚེ་རིང་གིས་ སླབ་མིའི་ནང་ མང་སྡེ་ཆུ་གློག་མེ་ལས་འགུལ་ འགོ་འབྱེད་འབད་ནིའི་དོན་ལུ་ གྲ་སྒྲིག་ཡོད་ཟེར་ཨིནམ་ད་ འགོ་འབྱེད་རྟེན་འབྲེལ་དེ་ མང་སྡེ་ཆུ་གློག་མེ་ལས་འགུལ་དང་ རྒྱ་འབྲུག་༢ ཀྱི་དོན་ལུ་ སྤྲོ་བ་གི་ཐོག་ལས་ དགའ་ཚོར་བསྐྱེད་པའི་ དུས་ཚོད་ཅིག་ཨིན་ཟེར་ ཨིན་པས།
གློག་མེ་ལས་འགུལ་གྱི་ འགོ་འབྱེད་དེ་ རྒྱལ་ས་ལྟེ་བ་ལུ་སྦེ་ འགོ་འདྲེན་འཐབ་ནི་ཨིན་རུང་ གློག་མེ་ལས་འགུལ་གྱི་ ས་ཁོངས་ནང་ དངོས་མཐོང་སྦེ་ འགོ་འབྱེད་རྟེན་འབྲེལ་གྱི་ དུས་སྟོན་བརྩི་སྲུང་འབད་ནི་ཨིན་པས།
མང་སྡེ་ཆུ་གློག་མེ་ལས་འགུལ་གྱིས་ གློག་ཤུགས་མེ་ག་ཝཱཊ་༡༨༠ རེ་སྦེ་ ཐོན་སྐྱེད་འབད་དོ་ཡོདཔ་ད་ དེ་ཡང་ ཡུ་ནིཊ་༤ ཡོད་པའི་གྲས་ལས་ དང་པ་དང་༢ པ་དེ་ གློག་ཤུགས་ཕྱིར་བཙོང་འབད་ནི་ འགོ་བཙུགས་ཡོདཔ་ཨིན་རུང་ ཡུ་ནིཊ་༣ པ་དང་༤ པ་དེ་ སྟབས་མ་བདེཝ་བྱུང་མི་ལུ་བརྟེན་ ཕྱིར་བཙོང་འབད་ནིའི་ དུས་ཚོད་ལུ་ འགོ་བཙུགས་མ་ཚུགས་ཟེར་ ཨིན་པས།
བཙན་སྐྱོགས་ཚེ་རིང་གིས་ སླབ་མིའི་ནང་ སྤྱི་ཟླ་༧ པའི་ཚེས་༢༣ དང་༢༤ ལུ་ ཡུ་ནིཊ་༣ པའི་ ཚོང་འབྲེལ་འགོ་འདྲེན་འཐབ་ནིའི་དོན་ལུ་ གྲ་སྒྲིག་འབད་བའི་སྐབས་ རའུ་ཊར་འཕྲུལ་ཨམ་ནང་ སྟབས་མ་བདེཝ་བྱུང་ཡོདཔ་ལས་ ལོག་བཟོ་དགོཔ་ཐོནམ་ལས་ དུས་ཚོད་ཁར་ ཚུད་མ་ཚུགས་རུང་ ད་རེས་ ལོག་བཟོ་ཚུགས་ནི་དེ་གིས་ ཕྱིར་བཙོང་འཐབ་ནི་ལུ་ གྲ་སྒྲིག་ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ ཡུ་ནིཊ་༤ པའི་ འཕྲུལ་ཨམ་དེ་ཡང་ གག་གྲམ་ཕོག་ཡོདཔ་ལས་ ལོག་སོར་ནིའི་དོན་ལུ་ ཡུན་འགྱངས་ལུས་རུང་ ཁ་ཙ་ ཉིན་མའི་ཆུ་ཚོད་ཕྱེད་དང་༡ ལུ་ གཞུང་འབྲེལ་ཐོག་ལས་ གློག་ཤུགས་ཕྱིར་བཙོང་འཐབ་ནི་ འགོ་བཙུགས་ཡོདཔ་ཨིན་པས།
མང་སྡེ་ཆུ་གློག་མེ་ལས་འགུལ་གྱིས་ འོང་འབབ་བཟོ་ནི་འགོ་བཙུགས་ཞིནམ་ལས་ ལོ་ངོ་༡༥ འི་ནང་འཁོད་ལུ་ སྐྱིན་འགྲུལ་རིམ་སྤྲོད་༣༠ ཐོག་ ལོ་བསྟར་བཞིན་དུ་ རིམ་སྤྲོད་༢ རེ་བཏབ་དགོཔ་ད་ རིམ་སྤྲོད་རེ་ནང་ དངུལ་ཀྲམ་འབུམ་༡.༩ རེ་སྦེ་ ཡོངས་བསྡོམས་དངུལ་ཀྲམ་ཐེར་འབུམ་༥༧ དེ་ཅིག་ བཏབ་དགོ་ནི་ཨིན་པས།
ལས་འགུལ་གྱི་དོན་ལུ་ ད་ལྟོ་ཚུན་ འཛིན་སྐྱོང་གི་ཟད་འགྲོ་ དངུལ་ཀྲམ་ཐེར་འབུམ་༥༢.༡༣ དེ་ཅིག་ གནས་ཡོདཔ་ཨིན་པས།
གློག་མེ་ལས་འགུལ་གྱི་ ཡུ་ནིཊ་༤ པོ་ཆ་ར་ ཕྱིར་བཙོང་འཐབ་ནི་ འགོ་བཙུགས་པའི་ཤུལ་ལས་ ལོ་བསྟར་བཞིན་དུ་ གློག་ཤུགས་ཡུ་ནིཊ་ཐེར་འབུམ་༣ དེ་རེ་ ཐོན་སྐྱེད་འབད་དེ་ ལོ་རེ་ནང་ འོང་འབབ་དངུལ་ཀྲམ་ཐེར་འབུམ་༡༢ དེ་རེ་ བཟོ་ཚུགས་ནི་ཨིནམ་ད་ དེ་ཡང་ ཡུ་ནིཊ་རེ་ལུ་ གོང་ཚད་དངུལ་ཀྲམ་༤.༡༢ བཟོ་ཡོདཔ་ཨིན་པས།
སྤྱི་ཟླ་༦ པའི་ཚེས་༢༨ ལས་ ཡུ་ནིཊ་དང་པ་དང་ ཟླ་༧ པའི་ཚེས་༨ ལུ་ ཡུ་ནིཊ་༢ པ་ ཕྱིར་བཙོང་འཐབ་ནི་ འགོ་བཙུགས་ཡོདཔ་ད་ སྤྱི་ཟླ་༨ པའི་ཚེས་༡༢ ཚུན་ གློག་ཤུགས་ཡུ་ནིཊ་ས་ཡ་༣༡༢.༧ ཐོན་སྐྱེད་འབད་མི་དེ་གིས་ དངུལ་ཀྲམ་ཐེར་འབུམ་༡.༢༨༨ བཟོ་ཡོད་པའི་གནས་ཚུལ།

ཉིམ་རྡོ་རྗེ། ཀྲོང་གསར།

 

About admin

Check Also

བཀྲིས་གཡང་རྩེ་ ཡ་ལང་གི་མི་ཚུ་གིས་ ཐིང་ངེ་ལུ་བརྟེན་ འཚོ་བ་སྐྱོང་དོ་ཡོདཔ།

༉ བཀྲིས་གཡང་རྩེ་ ཡ་ལང་རྒེད་འོག་ གནམ་ཐེ་དང་ ཡེར་ཕི་གཡུས་ཚན་དེ་ ཐིང་ངེ་ཐོན་སྐྱེད་འབད་སའི་ ཡོངས་གྲགས་ཅན་གྱི་ ས་གནས་ཅིག་ཨིན་པས། དེ་ཡང་ ཚོདམ་ཞིམ་ཏོང་ཏོ་བཟོ་ནི་དང་ བཟའ་ཁམས་གཏགས་ནིའི་དོན་ལུ་ ཐིང་ངེ་བླུགས་ཏེ་བཟོ་དོ་ཡོདཔ་ད་ གཡུས་ཚན་ནང་ལྷོད་པ་ཅིན་ ཚོདམ་ནང་རྐྱངམ་གཅིག་མེན་པར་ ཁྱིམ་ག་རའི་གདོང་ཁར་ …

Leave a Reply

Your email address will not be published. Required fields are marked *