༉ མང་སྡེ་ཆུ་གློག་མེ་ལས་འགུལ་གྱི་ ཡུ་ནིཊ་༢ པ་གིས་ གློག་ཤུགས་མེ་ག་ཝཱཊ་༡༨༠ ཐོན་སྐྱེད་འབད་ཡོདཔ་བཞིན་དུ་ ཁ་ཙ་ ཉིན་མའི་ཆུ་ཚོད་ཕྱེད་དང་༡ ལུ་ གཞུང་འབྲེལ་ཐོག་ལས་ གློག་ཤུགས་ཕྱིར་བཙོང་འཐབ་ནི་ འགོ་བཙུགས་ཡི།
གློག་ཤུགས་ཕྱིར་བཙོང་ལུ་བརྟེན་ ཉིན་བསྟར་བཞིན་དུ་ དངུལ་ཀྲམ་ས་ཡ་༡༨ བཟོ་ཚུགས་ནི་ཨིན་པས།
མང་སྡེ་ཆུ་གློག་མེ་ལས་འགུལ་གྱི་ མཉམ་འབྲེལ་འཛིན་སྐྱོང་མདོ་ཆེན་ བཙན་སྐྱོགས་ཚེ་རིང་གིས་ སླབ་མིའི་ནང་ གློག་མེ་ལས་འགུལ་གྱི་ ཆུ་བསགས་མཛོད་ལས་ གློག་མེ་འཕྲུལ་ཨམ་ཚུན་ སྟབས་མ་བདེཝ་ག་ནི་ཡང་མེད་པར་ ལེགས་ཤོམ་འབད་ར་ འགྱོ་དོ་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཡུ་ནིཊ་༢ པའི་ གློག་ཤུགས་ཕྱིར་བཙོང་འཐབ་ནི་དེ་ སྤྱི་ཟླ་༧ པའི་ཚེས་༡༠ ལུ་ཨིན་རུང་ ཉིནམ་༢ ཀྱི་ཧེ་མར་ འབད་ཚུགས་མི་དེ་ ཡ་མཚན་ཆེ་བའི་ གྲུབ་འབྲས་ཅིག་ཨིན་ཟེར་ ཨིན་པས།
ལས་འགུལ་གྱི་ ཡུ་ནིཊ་༡ པའི་ གློག་ཤུགས་དེ་ སྤྱི་ཟླ་༦ པའི་ཚེས་༢༨ ལུ་ ཐོན་སྐྱེད་འབད་ཡོདཔ་ད་ ཡུ་ནིཊ་༢ པའི་ བརྟག་ཞིབ་དང་ འགོ་འབྱེད་དེ་ སྤྱི་ཟླ་༦ པའི་ཚེས་༣༠ ལུ་ འབད་ཡོདཔ་ཨིན་པས།
གློག་ཤུགས་མེ་ག་ཝཱཊ་༧༢༠ འབད་མི་ གློག་མེ་ལས་འགུལ་གྱི་ ཡུ་ནིཊ་༤ པོ་ཆ་ར་ལས་ གློག་ཤུགས་ཕྱིར་བཙོང་འཐབ་ནི་ འགོ་བཙུགས་པའི་བསྒང་ལས་ ཉིན་བསྟར་བཞིན་དུ་ མ་དངུལ་ཡོངས་བསྡོམས་ དངུལ་ཀྲམ་ས་ཡ་༡༢,༩༦༠ དེ་ཅིག་ བཟོ་ཚུགས་ནི་ཨིན་རུང་ གནམ་དགུན་ཆུ་སྐམ་པའི་སྐབས་ དེ་ཅིག་ར་ བཟོ་མི་ཚུགས་ནི་ཨིན་པས།
ད་ལས་ཕར་ མང་སྡེ་ཆུ་གློག་མེ་ལས་འགུལ་གྱི་ ཡུ་ནིཊ་༣ པའི་ བརྟག་ཞིབ་དང་འགོ་འབྱེད་དེ་ སྤྱི་ཟླ་༧ པའི་ཚེས་༡༥ ལུ་འབད་ནི་དང་ གློག་ཤུགས་ཕྱིར་བཙོང་དེ་ སྤྱི་ཟླ་༧ པའི་ཚེས་༢༥ ལུ་ འཐབ་ནི་ཨིན་པས།
སྤྱི་ཟླ་༩ པའི་ཚེས་༤ ལུ་ ཡུ་ནིཊ་༤ པའི་ གློག་ཤུགས་ཕྱིར་བཙོང་འཐབ་ནི་ཨིནམ་བཞིན་དུ་ ཟླ་རིམ་བཞིན་དུ་ ཡུ་ནིཊ་རེ་གིས་ འོང་འབབ་དངུལ་ཀྲམ་ས་ཡ་༥༣༣.༩ དེ་ཅིག་ བཟོ་ཚུགས་ནི་ཨིན་པའི་གནས་ཚུལ།
ཉིམ་རྡོ་རྗེ། ཀྲོང་གསར།