མགར་ས་ཁྲོམ།

མགར་ས་ལུ་སྡོད་མི་ ཞི་གཡོགཔ་ཚུ་ སྡོད་ཁྱིམ་ཐོབ་མ་ཚུགས་པའི་དཀའ་ངལ།

༉ ད་རེས་ནངས་པར་ མགར་ས་ལུ་སྡོད་མི་ ཞི་གཡོགཔ་ཚུ་ སྡོད་ཁྱིམ་ཐོབ་ཚུགས་པའི་ དཀའ་ངལ་བྱུང་སྟེ་ཡོདཔ་ཨིན་པས།
དེ་ཡང་ ཞི་གཡོགཔ་བཟའ་ཚང་༢༠ གིས་ རྒྱལ་ཡོངས་ཁྱིམ་བཟོ་གོང་འཕེལ་ལས་འཛིན་གྱི་ སྒྲིང་ཁྱིམ་ཚུ་ནང་ སྡོད་དོ་ཡོདཔ་ཨིན་རུང་ བཟའ་ཚང་གཞན་མི་༡༠ དེ་ཅིག་ མགར་ས་སློབ་གྲྭ་ཆུང་བའི་ནང་ སྡོད་དོ་ཡོདཔ་ཨིན་པས།
ད་རུང་ བཟའ་ཚང་ལ་ལོ་ཅིག་གིས་ མགར་ས་ཁྲོམ་གྱི་ ཉེ་འདབས་ལུ་ སྤུས་ཚད་ལེགས་ཤོམ་མེད་པའི་ ཁྱིམ་ཚུ་ནང་ སྡོད་དོ་ཡོདཔ་ཨིན་པས།
འཕྲལ་ཁམས་ཅིག་ཁར་ མགར་ས་སློབ་གྲྭ་ཆུང་བ་གིས་ ཁྱིམ་ཉམས་བཅོས་འབད་ནིའི་དོན་ལུ་ མ་དངུལ་ཐོབ་ཡོདཔ་ལས་ བཟའ་ཚང་ཚུ་ ཁྱིམ་ནང་ལས་ འཐོན་འགྱོ་དགོ་པའི་ བརྡ་སླབ་སྟེ་ཡོདཔ་ཨིན་པས།
མགར་ས་རྫོང་རབ་ ཚེ་དབང་རྣམ་རྒྱལ་གྱིས་ སླབ་མིའི་ནང་ མགར་ས་སློབ་གྲྭ་ཆུང་བ་ནང་ ཞི་གཡོགཔ་མང་ཤོས་ར་ ལག་ལེན་ལས་བྱེདཔ་ཚུ་ སྡོདཔ་ཨིན་ཟེར་ ཨིན་པས།
ཁོ་གིས་ བཤད་མིའི་ནང་ རྫོང་ཉམས་གསོའི་ལཱ་འབད་མི་ལུ་བརྟེན་ སྤྱི་གཡོག་པའི་སྡོད་ཁྱིམ་ཚུ་ ཡིག་ཚང་སྦེ་ལག་ལེན་འཐབ་ནི་དེ་གིས་ སྡོད་ཁྱིམ་མ་ལང་པའི་ གནད་དོན་ཅིག་ དེ་ལུ་བརྟེན་ཏེ་ཨིན་ཟེར་ ཨིན་པས།
ད་ལྟོ་ རྫོང་ཉམས་གསོའི་ལཱ་བརྒྱ་ཆ་༩༠ དེ་ཅིག་ མཇུག་བསྡུ་ཡོདཔ་ད་ རྫོང་ནང་ ཡོངས་འབྲེལ་ཨིན་ཊར་ནེཊི་མཐུད་སྦྲེལ་གྱི་ལཱ་ཚུ་ འབད་བའི་བསྒང་ཡོད་རུང་ རྫོང་ནང་ཡོད་པའི་ མི་འཁྲུགས་པའི་ལྷ་ཁང་གི་གནས་སྟངས་ སྐྱོ་དྲགས་སྦེ་ཡོད་ཟེར་ ཨིན་པས།
མི་འཁྲུགས་པའི་ལྷ་ཁང་དེ་ མཇུག་ར་ སྤྱི་ལོ་༢༠༠༥ ལུ་ ཉམས་གསོ་ཞུ་ཡོདཔ་ད་ ལྷན་ཁག་དང་ ལམ་སྲོལ་ལས་ཁུངས་ལུ་ སྙན་ཞུ་འབད་བའི་ཤུལ་ལས་ ལྟ་རྟོག་སྡེ་ཚན་ཅིག་ ལྷ་ཁང་ཞིབ་དཔྱད་འབད་བར་ ལྷོད་དེ་ཡོདཔ་ཨིན་པས།
རྫོང་རབ་ཚེ་དབང་རྣམ་རྒྱལ་གྱིས་ སླབ་མིའི་ནང་ ཡིག་ཚང་ཚུ་ ལོག་རྫོང་ནང་ གཞི་བཙུགས་འབད་ནིའི་ཐད་ཁར་ ལྷ་ཁང་གི་ ཞིབ་དཔྱད་སྙན་ཞུ་ལུ་ རག་ལས་ནི་ཨིནམ་ད་ ལྷ་ཁང་ཉམས་བཅོས་འབད་དགོ་པ་ཅིན་ ཡིག་ཚང་སྤོ་བཤུད་འབད་ནིའི་ དུས་ཡུན་འགོར་འོང་ཟེར་ཨིནམ་ད་ ཨིན་རུང་ དུས་ཡུན་བདུན་ཕྲག་༢ ཀྱི་ནང་འཁོད་ལུ་ ཡིག་ཚང་སྤོ་བཤུད་འབད་ནིའི་ གྲ་སྒྲིག་ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ ད་རེས་ སློབ་གྲྭ་ནང་སྡོད་མི་ཚུ་གིས་ཡང་ འཕྲལ་མགྱོགས་ར་ ཡིག་ཚང་སྦེ་ ལག་ལེན་འཐབ་མི་ སྡོད་ཁྱིམ་ཚུ་ནང་ སྤོ་བཤུད་འབད་ནིའི་ རེ་བ་ཡོདཔ་ཨིན་པས།
སློབ་གྲྭ་ནང་སྡོད་དེ་ ལོ་༢ ལང་མི་ ལག་ལེན་ལས་བྱེདཔ་ རིན་འཛིན་རྒྱལ་མཚན་གྱིས་ སླབ་མིའི་ནང་ སློབ་གྲྭ་དེ་ མགྱོགས་པ་ར་ ཉམས་བཅོས་འབད་ནི་ཨིནམ་ལས་ རྫོང་ཁག་ནང་ ཁྱིམ་ལངམ་མེད་མི་ལུ་བརྟེན་ ཡིག་ཚང་སྦེ་ ལག་ལེན་འཐབ་མི་ཁྱིམ་ཚུ་ནང་ ད་ལྟོ་ལས་ སྤོ་བཤུད་རྐྱབ་པ་ཅིན་རྐྱངམ་གཅིག་ མི་རེ་གིས་ ཁང་མིག་རེ་ འཐོབ་ཚུགས་ཟེར་ཨིན་པས།
དེ་དང་གཅིག་ཁར་ སྤུས་ཚད་དང་མ་ལྡན་པའི་ ཁྱིམ་ཚུ་གི་དོན་ལུ་ ཁང་གླ་སྦོམ་ལེན་དོ་ཡོད་པའི་ ཚ་གྱང་ཡོད་ལུགས་ཚུ་ཡང་ བཤདཔ་ཨིན་པས།
རྫོང་རབ་ཚེ་དབང་རྣམ་རྒྱལ་གྱིས་ སླབ་མིའི་ནང་ ད་རེས་ མགར་ས་ཁྲོམ་དེ་ ཁྲོམ་སྡེ་ཁ་པའི་གྲངས་སུ་ ཚུད་ཡོད་རུང་ གནས་ཚད་དང་བསྟུན་པའི་ ཁྱིམ་ཚུ་མེདཔ་ལས་ ང་བཅས་ཀྱིས་ ཁྱིམ་བཟོ་ལས་ཁུངས་ལུ་ ཁྲོམ་སྡེའི་སྡེ་རིམ་དེ་ ཁ་པ་ལས་ ག་པ་ལུ་ བསྒྱུར་བཅོས་འབད་དགོ་པའི་ ཡི་གུ་བཙུགས་ཏེ་ཡོད་ཟེར་ ཨིན་པས།
གནད་དོན་དེ་གི་སྐོར་ལས་ འདས་པའི་རྫོང་ཁག་ཚོགས་འདུ་ཚུ་ནང་ཡང་ གསུང་གྲོས་བྱུང་ཡོད་རུང་ ད་ལྟོ་ ཡི་གུའི་ངོས་ལེན་ལུ་ སྒུག་སྟེ་ཡོདཔ་ཨིན་པས།
མགར་ས་ཁྲོམ་ཁར་སྡོད་མི་ ལག་ལེན་ལས་བྱེདཔ་ གཞན་ཅིག་ཨིན་མི་ ཚེ་བརྟན་དབང་འདུས་ཀྱིས་ སླབ་མིའི་ནང་ ད་ལྟོ་ ཁོ་གིས་ ཟླ་རིམ་བཞིན་དུ་ ཁོ་ར་སྡོད་སའི་ སྦ་སྒོར་ཁྱིམ་གྱི་ཁང་གླ་ དངུལ་ཀྲམ་༢,༥༠༠ རེ་སྤྲོད་མི་དེ་ མཐོ་དྲགས་པས་ཟེར་ཨིནམ་ད་ ཆུ་དང་གསང་སྤྱོད་ཡང་ ཕྱི་ཁར་ཨིནམ་ལས་ ཁང་གླ་མར་ཕབ་འབད་བ་ཅིན་ དྲག་ནི་མས་ཟེར་ཨིན་པས།
རྫོང་རབ་ཀྱིས་ བཤད་མིའི་ནང་ ཁྱིམ་ནང་ལས་ མི་ཅིག་འཐོན་འགྱོཝ་ད་ གཞན་མི་དེ་ལུ་ འཛུལཝ་ཅིག་ར་ ཁང་གླ་བརྒྱ་ཆ་༢ སེང་དོ་ཡོད་རུང་ ཁྱིམ་གྱི་འཐིང་གཞི་ཨེན་ཏ་དང་ ཆུ་དུང་ལ་སོགས་པའི་མཐུན་རྐྱེན་ཚུ་ ལེགས་ཤོམ་མེད་ཟེར་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཚེ་རིང་རྣམ་རྒྱལ།

 

About admin

Check Also

ལྷོ་ཨེ་ཤི་ཡ་ལུང་ཕྱོགས་མི་དམངས་མཁོ་སྒྲུབ་ཞལ་འཛོམས་ ནངས་པར་མཇུག་བསྡུ་ནི།

༉ ལྷོ་ཨེ་ཤི་ཡའི་ ལུང་ཕྱོགས་འཐུས་མི་རྒྱལ་ཁབ་༨ ནང་ མི་དམངས་མཁོ་སྒྲུབ་དང་འབྲེལ་བའི་ལམ་ལུགས་དང་ ཁྲིམས་འབྲེལ་གྱི་ལཱ་ཚུ་ ཡར་དྲག་སོང་སྟེ་ཡོད་རུང་ བསྟར་སྤྱོད་འབད་ནིའི་ནང་ གདོང་ལེན་འབྱུང་བཞིན་དུ་ཡོདཔ་ལས་ མི་དམངས་མཁོ་སྒྲུབ་ཞལ་འཛོམས་ཐེངས་༦ པ་དེ་ ཁྱད་རིག་མཁོ་སྒྲུབ་འབད་ནིའི་བརྗོད་དོན་ཐོག་ལུ་ འགོ་འདྲེན་འཐབ་པའི་བསྒང་ཡོདཔ་ཨིན་པས། ཞལ་འཛོམས་དེ་ཡང་ ཨེ་ཤི་ཡཱན་གོང་འཕེལ་དངུལ་ཁང་དང་ …

Leave a Reply

Your email address will not be published. Required fields are marked *