མགར་ས་ཚ་ཆུ་ མི་མང་གི་དོན་ལུ་ སྒོ་ཕྱེ་ཡོད་རུང་ ཤོ་ཐེངས་༡ ལུ་ མི་༤༦ ལས་བརྒལ་ ངོས་ལེན་མི་འབད་ནི་ཨིན་པས།

མགར་ས་ཚ་ཆུ་ སྒོ་ཕྱེ་ཡོད་རུང་ སྦང་མིའི་གྱངས་ཁ་ ཚད་ལྡན་བཟོ་ཡོདཔ།

༉ ནད་ཡམས་ཀོ་བིཌ་-༡༩ གི་ གདོང་ལེན་ལུ་ སྤྱི་ཟླ་༣ པའི་ཚེས་༢༢ ལས་ མགར་ས་ཚ་ཆུ་ སྒོ་བསྡམས་ཡོད་མི་དེ་ སྤྱི་ཟླ་༧ པའི་ཚེས་༣ ལུ་ ལོག་སྒོ་ཕྱེ་ནུག།
མི་མང་ལུ་ ཞབས་ཏོག་བྱིན་སའི་ ས་ཁོངས་ནང་ ལགཔ་ཆུ་འཁྱུ་ནིའི་ མཐུན་རྐྱེན་ཚུ་ གཞི་བཙུགས་འབད་ཡོད་རུང་ ཚ་ཆུ་སྦང་མི་ཚུ་གི་བར་ན་ ས་སྟོང་བཞག་ཐབས་ལུ་ མི་དག་པ་ཅིག་ལས་བརྒལ་ ནང་ན་མི་བཙུགས་ནི་ཨིན་པས།
ཚ་ཆུ་ལོག་སྒོ་ཕྱེ་ཞིནམ་ལས་ཚུར་ ཚ་ཆུ་སྦང་མི་༢༦ དེ་ཅིག་ ལྷོད་ཡོད་རུང་ སྤྱི་ཟླ་༧ པའི་ཚེས་༦ ལུ་ ཚ་ཆུའི་ས་ཁོངས་ནང་ མི་༡༦ ལས་བརྒལ་མེདཔ་ཨིན་པས།
མགར་ས་ཚ་ཆུ་འཛིན་སྐྱོང་པ་ རྟ་མགྲིན་རྡོ་རྗེ་གིས་ སླབ་མིའི་ནང་ ཤོ་ཐེངས་༡ ལུ་ མི་༤༦ ལས་བརྒལ་ ཤོང་ཚད་མེད་ཟེར་ཨིན་པས།
ཚ་ཆུ་སྦང་ནིའི་ དུས་ཚོད་ནང་ བདུན་ཕྲག་རེ་ལུ་ ཉུང་ཤོས་མི་༢༠༠ དང་ མཐོ་ཤོས་མི་༦༠༠ དེ་རེ་ འོང་ནི་ཡོདཔ་ད་ དུས་ཚོད་དེ་ཡང་ སྤྱི་ཟླ་༡༢ པ་དང་༡ པ་༢ པ་ཨིནམ་བཞིན་དུ་ དུས་ཚོད་མེན་པའི་སྐབས་ བདུན་ཕྲག་རེ་ལུ་ མི་༤༠ ལས་བརྒལ་ འོང་ནི་མེད་ཟེར་ཨིན་པས།
ད་རེས་ ཚ་ཆུ་སྦང་ནིའི་ དུས་ཚོད་མེནམ་ལས་ མི་ཡང་གངམ་འོང་ནི་མེད་ཟེར་ རྟ་མགྲིན་རྡོ་རྗེ་གིས་ བཤདཔ་ཨིན་པས།
ཧེ་མ་འབད་བ་ཅིན་ ཆུ་རྫིང་རེ་ནང་ མི་༤༠ རེ་ ཤོངམ་ཨིན་རུང་ ད་རེས་ནད་ཡམས་ཀྱི་ གནས་སྟངས་ནང་ མི་ཚུ་གི་བར་ན་ ས་སྟོང་བཞག་དགོཔ་ལས་ ཆུ་རྫིང་རེ་ནང་ མི་༦ དང་༨ དེ་ལས་བརྒལ་ སྦང་མི་བཅུག་ཟེར་ཨིནམ་ད་ ཚ་ཆུའི་རྫིང་༧ ཡོདཔ་ཨིན་པས།
ཚ་ཆུ་སྦང་ནིའི་དོན་ལས་ འོང་མི་ཚུ་གི་ ཁ་གསལ་ཚུ་ ཐོ་བཀོད་འབདཝ་མ་ཚད་ དྲོད་འབར་ཡོད་མེད་ཚུ་ཡང་ འགོ་དང་པ་ ལྷོད་པའི་སྐབས་དང་ ལོག་འགྱོཝ་ད་ བརྟག་དཔྱད་འབད་བའི་ཁར་ དུས་ཡུན་རིངམོ་སྦེ་ སྡོད་མི་ཚུ་ལུ་ ཉིནམ་༣ གྱི་རྒྱབ་ལས་ བརྟག་དཔྱད་འབད་དོ་ཡོདཔ་ཨིན་པས།
རེས་གཟའ་མིག་དམར་དང་ སྤེན་པ་དེ་ ཆུ་རྫིང་ཚུ་ བཤལ་གཏང་ནི་དང་ མཐའ་སྐོར་ཕྱགས་བདར་རྐྱབ་སྟེ་ གཙང་སྦྲ་དང་ལྡནམ་སྦེ་ བཟོ་བཞག་ནིའི་ ཉིནམ་ཨིན་པས།
མི་ག་འོང་རུང་ ལགཔ་ཆུ་འཁྱུ་ནིའི་དོན་ལུ་ མཐུན་རྐྱེན་ཚུ་ གཞི་བཙུགས་ཡོདཔ་མ་ཚད་ མགྲོན་ཁྱིམ་གྱི་ མཐའ་འཁོར་ཚུ་ནང་ཡང་ མཐུན་རྐྱེན་ཡོད་ཟེར་ འཛིན་སྐྱོང་པ་ རྟ་མགྲིན་རྡོ་རྗེ་གིས་ བཤདཔ་ཨིན་པས།
མི་སེར་ཚུ་ ཉེན་སྲུང་དང་ལྡནམ་སྦེ་ བཞག་ནིའི་དོན་ལུ་ ཁྲིམས་སྲུང་འགག་པ་དང་ འཛིན་སྐྱོང་པའི་ ལས་བྱེདཔ་ཚུ་གིས་ ཚ་ཆུའི་ས་ཁོངས་དེ་ ཉིན་ནུབ་མེད་པར་ སྐོར་སྲུང་འབད་དོ་ཡོདཔ་ཨིན་པས།
ནད་ཡམས་སྔོན་འགོག་གི་ ཐབས་ལམ་ལག་ལེན་འཐབ་མི་དེ་གིས་ ཚ་ཆུའི་འོང་འབབ་ལུ་ ཐོ་ཕོག་ནི་ཨིནམ་ད་ རྩིས་ལོ་༢༠༡༩-༢༠༢༠ ལུ་ ཚ་ཆུ་གིས་ འོང་འབབ་དངུལ་ཀྲམ་ ས་ཡ་༢.༢ བཟོ་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

 

About admin

Check Also

འབྲུག་གིས་ འཛམ་གླིང་སྤྱི་ཚོགས་ཀྱི་གོ་སྐབས་ཚུ་ འདྲ་མཉམ་ཐོབ་སྟེ་ཡོདཔ།

༉ འདས་པའི་ལོ་ངོ་༧༥ འི་རིང་ བཟའ་ཚང་ས་ཡ་ལས་བཅད་མི་ཚུ་ དབུལ་ཕོངས་དང་ འཐབ་འཛིང་ དེ་ལས་ དཀའ་ངལ་ཚུ་ནང་ལས་ བཏོན་ཚུགས་ཡོདཔ་མ་ཚད་ ས་གནས་ཀྱི་ཆགས་ཚུལ་དང་ རྒྱལ་ཁབ་ཀྱི་ཆེ་ཆུང་གི་ཁྱད་པར་ ག་དེ་སྦེ་ར་ཡོད་རུང་ འཛམ་གླིང་གི་ འཐུས་མི་ཅིག་ཨིན་མི་དང་འཁྲིལ་ འབྲུག་གིས་ …

Leave a Reply

Your email address will not be published. Required fields are marked *