རྒྱ་འབྲུག་༢ ཀྱི་བར་ན་ གློག་ཤུགས་མེ་ག་ཝཱཊ་༦༠༠ འབད་མི་ མཁོ་ལོང་ཆུ་གློག་མེ་ལས་འགུལ་གྱི་ ཁེ་དབང་གན་ཡིག་གུ་ མཚན་རྟགས་བཀོད་པའི་བསྒང་།

མཁོ་ལོང་ཆུ་གློག་མེ་ལས་འགུལ་གྱི་ ཁེ་དབང་གན་ཡིག་གུ་ མཚན་རྟགས་བཀོད་ཡོདཔ།

༉ ཁ་ཙ་ བསྟན་རྒྱས་ལྷན་ཁག་འོག་གི་ ནུས་ཤུགས་ལས་ཁུངས་ཀྱིས་ གློག་ཤུགས་མེ་ག་ཝཱཊ་༦༠༠ འབད་མི་ མཁོ་ལོང་ཆུ་གློག་མེ་ལས་འགུལ་གྱི་ ཁེ་དབང་གན་ཡིག་གུ་ མཚན་རྟགས་བཀོད་མི་དང་འབྲེལ་ ལས་འགུལ་གྱི་ ས་ཁོངས་ནང་ བཟོ་སྐྲུན་གྱི་ལཱ་དང་ ལཱ་གཞན་ཚུ་ འགོ་བཙུགས་ནི་ཨིན་པས།
རྒྱལ་ཁབ་ནང་ འགོ་དང་པ་ཨིན་མི་ རྒྱ་འབྲུག་གི་བར་ན་ མཉམ་འབྲེལ་ཐོག་ལས་ བཟོ་སྐྲུན་འབད་ནི་ཨིན་མི་ ལས་འགུལ་དེ་ ནུས་ཤུགས་ལས་ཁུངས་ཀྱི་མདོ་ཆེན་དང་ ལས་འགུལ་གྱི་ འཛིན་སྐྱོང་མདོ་ཆེན་༢ ཀྱིས་ རྒྱ་གར་གྱི་ ཕྱི་འབྲེལ་བློན་པོ་ སུ་བྲཱ་མཱན་ཡཱན་ ཇའི་ཤཱན་ཀར་གྱིས་ རྒྱང་མཐོང་ཡོངས་འབྲེལ་ཐོག་ལས་ བཅའ་མར་གཏོགས་ཏེ་ གན་ཡིག་ལུ་ མཚན་རྟགས་བཀོད་ཅི།
ལས་འགུལ་དེ་ རྒྱ་གར་གྱི་ སཱད་ལུཇ་ཇཱལ་ བིད་ཡཱུད་ནི་གཱམ་ཚད་དང་གཅིག་ཁར་ བཟོ་སྐྲུན་འབད་ནི་ཨིནམ་ད་ ལས་འགུལ་དེ་ སྤྱི་ལོ་༢༠༢༥ འི་བར་མཚམས་ལུ་ མཇུག་བསྡུ་ནིའི་ འཆར་གཞི་ཡོདཔ་ཨིན་པས།
གློག་ཤུགས་ལས་འགུལ་དེ་ རྒྱ་འབྲུག་ཟུང་ཕྱོགས་མཐུན་འབྲེལ་འོག་གི་ དམིགས་བསལ་མཉམ་འབྲེལ་གྱི་གྲས་ཁར་ཨིནམ་ད་ ད་ཚུན་ མཐུན་ལམ་དེ་གི་འོག་ལུ་ ཆུ་ཁ་དང་ཀུར་རི་ཆུ་ དེ་ལས་ དར་ལ་དང་མང་སྡེ་ཆུ་གློག་མེ་ལས་འགུལ་ཚུ་བསྡོམས་ཏེ་ གློག་ཤུགས་མེ་ག་ཝཱཊ་༡,༠༢༠ དེ་ཅིག་ ཐོན་སྐྱེད་འབད་བཞིན་དུ་ཡོདཔ་ཨིན་པས།
ཕྱི་འབྲེལ་བློན་པོ་ཌོག་ཊར་ རྟ་མགྲིན་རྡོ་རྗེ་གིས་ གན་ཡིག་བཀོད་པའི་སྐབས་ལུ་ བཤད་མིའི་ནང་ གན་ཡིག་དེ་ གཞུང་༢ ཀྱི་བར་ན་ གློག་མེའི་སྤྱོད་ཁྲལ་གོང་ཚད་སྐོར་ལས་ དུས་རིང་གི་དོན་ལུ་ གློག་ཤུགས་བརྒྱ་ཆ་༧༠ ཐོན་སྐྱེད་འབད་ནིའི་སྐོར་ལས་ གྲོས་བསྟུན་འབད་དགོ་ནི་དེ་གིས་ ཕྱིས་སོ་ཡི་ཟེར་ཨིན་པས།
བློན་པོ་གིས་ ནུས་ཤུགས་གོང་ཚད་དེ་ འཕྲལ་ཁམས་ཅིག་ཁར་ མཉམ་འབྲེལ་ལས་འགུལ་གྱི་ དབང་འཛིན་གཉིས་ཀྱིས་ མཉམ་འབྲེལ་གྱི་ གྲོས་འདེབས་འབད་མི་དང་འཁྲིལ་ ཆ་འཇོག་འབད་དེ་ ཡོད་ཟེར་བློན་པོ་གིས་བཤད་ཅི།
གཞུང་༢ ཀྱི་བར་ན་ མཉམ་འབྲེལ་ལས་འགུལ་དོན་ལུ་ སྤྱི་ལོ་༢༠༡༤ ལུ་ མཚན་རྟགས་བཀོད་ཡོདཔ་ཨིན་པས།
ལས་འགུལ་གྱི་ འགྱམ་རྡོ་དེ་ ལོ་༦ གི་ཧེ་མར་ རྒྱ་གར་གྱི་བློན་ཆེན་ ན་རེན་ད་མོ་དི་གིས་ བཙུགས་གནང་ཡོདཔ་ད་ ལས་འགུལ་གྱི་ ལཱ་འགོ་བཙུགས་ནི་ ཕྱིས་མི་དེ་གིས་ ཧེང་སྐལ་ར་ ལས་འགུལ་གྱི་ས་ཁོངས་ནང་ ཞིབ་འཚོལ་ཚུ་ མཐིལ་ཕྱིན་འབད་ནིའི་ གོ་སྐབས་བྱིན་ཚུགས་ཏེ་ཡོདཔ་ལས་ དེ་གིས་ ལཱ་ངོ་མ་ཚུ་འབད་བའི་སྐབས་ བྱ་སྟབས་མ་ བདེཝ་ཚུ་འཐོན་ནི་ལས་ མར་ཕབ་འབད་ཚུགས་ཟེར་ཨིན་པས།
ས་ཁོངས་ནང་ ཟམ་དང་ འཁོར་ལམ་རྐྱབ་ནི་ཚུ་ འབད་ཚར་ཏེ་ཡོདཔ་ལས་ ཁག་འབགཔ་ཚུ་གིས་ དེ་འཕྲོ་ལས་ ལཱ་ཚུ་འབད་ཚུགས་ནི་ཨིན་པས།
ལས་འགུལ་ལུ་བརྟེན་ ས་གནས་ཀྱི་མི་སྡེ་ཚུ་གིས་ དཔལ་འབྱོར་གྱི་ཁེ་ཕན་ ཐད་ཀར་དུ་ འཐོབ་ཚུགས་པའི་ཁར་ འཁོར་ལམ་གསརཔ་བཏོན་མི་ཚུ་གིས་ཡང་ ཕན་ཐོགས་ཚུགས་ནི་ཨིན་པས།
ཕྱི་འབྲེལ་བློན་པོ་གིས་ ལས་འགུལ་དེ་ དེ་འཕྲོ་ལས་ འགོ་བཙུགས་ནིའི་དོན་ལུ་ རྒྱ་གར་གྱི་ ལས་སྡེ་གིས་ འགོ་བཙུགས་དགོཔ་ལས་ དེ་གི་དོན་ལུ་ རྒྱ་གཞུང་གིས་ གྲོགས་རམ་ཚུ་འབད་དེ་ ལས་འགུལ་དེ་ ག་དེ་མགྱོགས་ མགྱོགས་ འགོ་བཙུགས་ནིའི་དོན་ལུ་ ལྷན་ཐབས་འབད་དགོ་ཟེར་བཤད་ཅི།
ལས་འགུལ་དེ་གིས་ ལོ་བསྟར་བཞིན་དུ་ དངུལ་ཀྲམ་ས་ཡ་༢,༥༦༨ འོང་འབབ་བཟོ་ནིའི་ ཚོད་རྩིས་ཡོདཔ་ད་ རྒྱ་གར་གྱི་ ཕྱི་འབྲེལ་བློན་པོ་ ཌོག་ཊར་ སུ་བྲཱ་མཱན་ཡཱན་ ཇའི་ཤཱན་ཀར་གྱིས་ གློག་རིག་རྒྱང་མཐོང་ཐོག་ལས་ བཤད་མིའི་ནང་ གློག་མེ་ལས་འགུལ་གྱིས་ རྒྱལ་འབྲུག་༢ ལུ་ ཟུང་ཕྱོགས་མཐུན་ལམ་ཐོག་ལས་ ཁེ་ཕན་བྱུང་སྟེ་ཡོད་ཟེར་ཨིན་པས།
མང་སྡེ་ཆུ་གློག་མེ་ལས་འགུལ་ མཇུག་བསྡུ་ཡོད་པའི་ཁར་ གཞན་ལས་འགུལ་ཚུ་ཡང་ གང་མགྱོགས་ མཇུག་བསྡུ་ ནིའི་དོན་ལུ་ ལཱ་ཚུ་འབད་བཞིན་ཡོད་ཟེར་བཤད་ཡོདཔ་ད་ མཉམ་འབྲེལ་ལས་འགུལ་དེ་ཡང་ ག་དེ་མགྱོགས་མགྱོགས་ འབད་ནིའི་ རེ་བ་ཡོད་ཟེར་བཤད་ཅི།
ཁོ་གིས་ཡང་ ལས་འགུལ་དེ་གིས་ ནད་ཡམས་ཀྱི་ གནས་སྟངས་སྐབས་ལུ་ འབྲུག་པའི་དཔལ་འབྱོར་ལུ་ ལྷན་ཐབས་ འབྱུང་ནིའི་ རེ་བ་ཡོད་ཟེར་བཤད་ཅི།
རྒྱ་གཞུང་གིས་ གྲོགས་རམ་ཚུ་ འབད་བཞིན་ཡོད་པའི་ཁར་ ནད་ཡམས་ཀྱི་གནས་སྟངས་ནང་ཡང་ མཁོ་ཆེ་བའི་ མཐུན་རྐྱེན་ཚུ་ བར་རྐྱེན་མེད་པར་ འབྲུག་ལུ་ བཀྲམ་སྤེལ་འབད་དེ་ཡོད་ཟེར་ བཤད་ཡོདཔ་ད་ ད་ལྟོའི་གནས་སྟངས་ནང་ རྒྱ་གཞུང་གིས་ འབྲུག་ལུ་གྲོགས་རམ་ཚུ་ འབད་དེ་ར་སྡོད་འོང་ཟེར་བཤད་ཅི།
འབྲུག་ལུ་ཡོད་མི་ རྒྱ་གར་གཞུང་ཚབ་ རུ་ཅི་ར་ ཀམ་བོཇ་གིས་ གཞུང་གིས་ གོང་འཕེལ་འདྲ་མཉམ་བྱིན་ཐབས་ལུ་ གཙོ་རིམ་བཟུང་མི་དང་འཁྲིལ་ ལས་འགུལ་དེ་གིས་ བཀྲིས་གཡང་རྩེ་ལུང་གཤོང་ནང་ ཡར་རྒྱས་འབག་འོང་ཚུགས་ ཟེར་བཤད་ཅི།
ལས་འགུལ་གྱི་ཞི་བའི་ལཱ་ ལ་ལོ་ཅིག་ སྤྱི་ལོ་༢༠༡༥ ལས་ འགོ་བཙུགས་མི་ཚུ་ མཇུག་བསྡུ་རན་ཁར་ ལྷོད་དེ་ཡོད་རུང་ ཞི་བའི་ལཱ་ངོ་མ་ ས་དོང་དང་ ནུས་ཤུགས་ཁང་གི་ལཱ་ཚུ་ གཞུང་གཉིས་ཀྱི་བར་ན་ སྤྱོད་ཁྲལ་གོང་ཚད་ལུ་ གྲོས་བསྟུན་ འབད་དགོ་ནི་དེ་གིས་ ཕྱིས་ཡོདཔ་ཨིན་པས།
ཁེ་དབང་གན་ཡིག་དེ་གིས་ ལས་འགུལ་གོང་འཕེལ་འབད་མི་ཚུ་གིས་ བཟོ་སྐྲུན་གྱི་ལཱ་འབད་ནི་དང་ ལས་འགུལ་དེ་ ལོ་ངོ་༣༠ འི་རིང་ ལག་ལེག་འཐབ་ཆོག་པའི་ དབང་ཆ་སྤྲོདཔ་ཨིན་པས།
དེའི་ཤུལ་ལས་ ལས་འགུལ་དེ་ ལག་ལེན་འཐབ་བཏུབ་པའི་ གནས་སྟངས་ཐོག་ལུ་ གཞུང་ལུ་ རིན་མེད་སྟོང་པར་སྦེ་ རྩིས་སྤྲོད་འབད་དགོ་ནི་ཨིན་པས།
གན་ཡིག་དང་འཁྲིལཝ་ད་ ལས་འགུལ་ནང་ གྲལ་གཏོགས་ཡོད་མི་ ལས་སྡེ་ཚུ་གིས་ ནང་འཁོད་ཀྱི་ཐོན་སྐྱེད་དང་ ལཱ་གཡོག་བཟོ་ནི་ལུ་ གཙོ་རིམ་བཟུང་དགོ་པའི་ཁར་ དེ་གི་ནང་ལས་ཡང་ འབྲུག་པའི་ཁག་འབགཔ་ཚུ་གིས་ ལས་འགུལ་གྱི་ ཆ་ཤས་ངོ་མ་ཚུ་ནང་ གྲལ་གཏོགས་འབད་བཅུག་ནི་དེ་ཨིན་པས།
ལས་འགུལ་དེ་ནང་ མི་༥༠༠ དེ་ཅིག་ལུ་ ལཱ་གཡོག་གི་ གོ་སྐབས་བཟོ་ཚུགས་པའི་རེ་བ་ཡོདཔ་ད་ ཁག་འབགཔ་ཚུ་གིས་ དེ་ལས་མངམ་སྦེ་ བཙུགས་ཚུགས་ནི་ཨིན་པས།
ཐད་ཀར་གྱི་ ཁེ་ཕན་ནང་ མདོ་གསུམ་ཁྲོམ་གྱི་ མི་སྡེ་ལུ་ ཕན་ཐོགས་འབྱུང་ནི་ཨིནམ་ད་ ལས་འགུལ་དེ་ བུ་ལོན་བརྒྱ་ཆ་༧༠:༣༠ གི་ཐོག་ལས་དང་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་ཚད་དང་ སཱད་ལུཇ་ཇཱལ་ བིད་ཡཱུད་ནི་གཱམ་ལས་སྡེ་༢ ཀྱིས་ བགོ་བཤའ་བརྒྱ་ཆ་༥༠ འདྲན་འདྲ་ཐོག་ལས་ བཟོ་སྐྲུན་འབད་ནི་ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

ཝམ་རོང་གི་ འཐབ་རྩོད་ནང་ མི་༣ ལུ་ ཉེས་འཛུགས་འབད་ཡོདཔ།

༉ བཀྲིས་སྒང་ཝམ་རོང་ལུ་ སྤྱི་ཟླ་༤ པའི་ཚེས་༢༦ ལུ་ འཐབ་འཛིང་བྱུང་མི་དེ་ནང་ དྲང་དཔོན་གྱི་ཨམ་དང་ ཕྱགས་བདར་བའི་གནས་ཚང་ དེ་ལས་ སློབ་ཕྲུག་བུཚ་ཅིག་ལུ་ ཉེས་འཛུགས་འབད་བའི་ སྣ་ཚོགས་སྙན་གསན་དེ་ ཁ་ཙ་ ཝམ་རོང་དྲུང་ཁག་ཁྲིམས་ཀྱི་འདུན་སར་ ངང་ལམ་དྲུང་ཁག་ཁྲིམས་འདུན་གྱི་ …

Leave a Reply

Your email address will not be published. Required fields are marked *