ཉམས་གསོ་ཞུ་རན་མི་ ཀྲོང་གསར་བསམ་ཆོས་གླིང་རྫོང་།

མ་དངུལ་གྱི་ རྒྱབ་སྐྱོར་འཚོལ་ཞིནམ་ལས་ ཀྲོང་གསར་བསམ་ཆོས་གླིང་རྫོང་ ཉམས་གསོ་ ཞུ་ནིའི་འཆར་གཞི།

༉ ཀྲོང་གསར་རྫོང་ཁག་ བྲག་སྟེང་རྒེད་འོག་ བསམ་ཆོས་གླིང་ལུ་ཡོད་པའི་ བསམ་གྲུབ་ཆོས་གླིང་གི་རྫོང་དེ་ མི་ལོ་༡༢༧ གི་ཧེ་མར་ བུམ་ཐང་ བྱ་དཀར་རྫོང་དཔོན་བགྲེསཔ་འཆི་མེད་རྡོ་རྗེ་དང་ ཨ་ཞེ་བདེ་ཆེན་ཆོས་སྒྲོན་༢ ཀྱིས་ གདན་ས་བཅགས་གནང་ཡོདཔ་བཞིན་དུ་ མི་དབང་འབྲུག་རྒྱལ་༢ པ་ འཇིགས་མེད་དབང་ཕྱུག་མཆོག་གི་སྐབས་ བཞེངས་ཡོདཔ་ཨིན་པས།
བསམ་གྲུབ་ཆོས་གླིང་གི་རྫོང་དེ་ མི་དབང་འབྲུག་རྒྱལ་༢ པ་གི་བཙུནམོ་ ཨ་ཞེ་པདྨ་ཆོས་སྒྲོན་མཆོག་ བཞུགས་ས་ཨིནམ་ད་ དེ་བསྒང་ མི་དབང་མཆོག་ གནམ་བྱཱར་ལུ་ བུམ་ཐང་དབང་འདུས་ཆོས་གླིང་དང་ གནམ་དགུན་ལུ་ ཀྲོང་གསར་ཀུན་དགའ་རབ་བརྟན་ལུ་ བཞུགས་དོ་ཡོདཔ་ཨིན་པས།
ས་གནས་ཀྱི་མིང་ བསམ་གྲུབ་ཆོས་གླིང་ཟེར་ བཏགས་དགོ་མི་དེ་ཡང་ རྒྱལ་སྲས་དྲི་མེད་ཀུན་ལྡན་གྱིས་ སྦྱིན་པ་ཡོངས་རྫོགས་བཏང་ཚར་ཏེ་ ས་གནས་དེ་ནང་ལྷོདཔ་ད་ བསམ་དོན་གྲུབ་ཡོདཔ་ལས་ བསམ་གྲུབ་ཆོས་གླིང་ཟེར་ བཏགས་ནུག་ཟེར་ཨིན་པས།
རྫོང་དེ་ ཨ་ཞེ་ཆོས་སྐྱིད་ཀྱིས་ བསམ་ཆོས་གླིང་གི་ མི་སེར་ཚུ་ལུ་ གནང་ཡོདཔ་ད་ མི་སེར་ཚུ་གི་ཁ་ཐུག་ལས་ གྲྭ་ཚང་ལུ་ཕུལ་ཏེ་ ལོ་༢ ལང་ཡོདཔ་བཞིན་དུ་ ད་རེས་ དགེ་འདུན་སློབ་གྲྭ་དེ་ནང་ དབུ་འཛིན་བརྩིས་ཏེ་ སློབ་དཔོན་༣ དང་ དགེ་སློང་ཨ་ལོ་༣༣ ཡོདཔ་ཨིན་པས།
དབུ་འཛིན་དགེ་འདུན་རྒྱ་མཚོ་གིས་ སླབ་མིའི་ནང་ རྫོང་དེ་ ཉམས་ཆག་ཤོར་ཡོད་པའི་ཁར་ དགེ་སློང་ཚུ་སྡོད་སའི་ གྲྭ་ཤག་མེད་མི་ལུ་བརྟེན་ དགེ་སློང་ནང་འཛུལ་ནིའི་ བློ་འདོད་ཡོད་མི་ ལེ་ཤ་འོང་དོ་ཡོད་རུང་ ས་གོ་མེདཔ་ལས་ བཙུགས་མི་ཚུགས་པས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ རྫོང་དེ་ ཉམས་ཆག་ཤོར་ཡོད་རུང་ དགེ་སློང་ཚུ་ ཐབས་མེད་པར་ སྡོད་དགོཔ་བྱུངམ་མས་ཟེར་ཨིན་པས།
དེ་བཟུམ་སྦེ་ དགེ་སློང་ཚུ་ག་ར་ མཚན་འཛིན་མེདཔ་ལས་བརྟེན་ ལྟོ་ཕོགས་ཚུ་ དབུ་འཛིན་ཁོ་ར་གིས་ ཕར་དང་ཚུར་ལས་ གྲོགས་རམ་འཚོལ་ཞིནམ་ལས་ བྱིན་དོ་ཡོདཔ་ད་ དབུ་འཛིན་གྱིས་ སླབ་མིའི་ནང་ ཀྲོང་གསར་རབ་སྡེ་དང་ གཞུང་གྲྭ་ཚང་ལུ་ མཚན་འཛིན་གནང་དགོ་པའི་ ཞུ་བ་ཕུལ་ཡོད་རུང་ ཐོབ་མ་ཚུགས་ཟེར་ཨིན་པས།

སེར་གུ་ལེ་ཤ་ཐོན་ཡོད་པའི་ རྫོང་གི་གྱང་།
རྫོང་ཉམས་གསོ་ཞུ་ནིའི་དོན་ལུ་ རྒེད་འོག་དང་ རྫོང་ཁག་བདག་སྐྱོང་ དེ་བཟུམ་སྦེ་ འབྲེལ་ཡོད་ལྷན་ཁག་ལུ་ ཞུ་བ་ག་དེམ་ཅིག་ཕུལ་རུང་ ངོས་ལེན་མ་ཐོབ་ཟེར་ཨིནམ་ད་ རྒེད་འོག་དང་ རྫོང་ཁག་ནང་ འཆར་དངུལ་ཚད་ཅིག་ལས་བརྒལ་མེདཔ་ལས་ གནང་ཐབས་མིན་འདུག་ཟེར་ ཨིན་པས།
དགེ་འདུན་རྒྱ་མཚོ་གིས་ སླབ་མིའི་ནང་ ཁོ་རའི་ འཆར་གཞི་དང་འཁྲིལ་བ་ཅིན་ ལོ་༦ གི་ནང་འཁོད་ལུ་ རྫོང་དེ་ ཕྱི་བསྒྲུབས་ནང་བསྒྲུབས་སྦེ་ ཉམས་གསོ་ཞུ་ཚར་བའི་ རེ་བ་ཡོད་ཟེར་ཨིན་པས།
དགེ་སློང་བཞུགས་སའི་ གྲྭ་གཤག་ཅིག་ ལེགས་ཤོམ་སྦེ་བཟོ་སྐྲུན་འབད་ནིའི་ འཆར་གཞི་ཡོདཔ་བཞིན་དུ་ མ་དངུལ་ཡོངས་བསྡོམས་ དངུལ་ཀྲམ་ས་ཡ་༣༠ དེ་ཅིག་ གནས་ནི་ཨིནམ་ལས་ འབྲུག་མི་དད་ཅན་དང་ གཞུང་ དེ་བཟུམ་སྦེ་ ཐབས་ལམ་སྣ་ཚོགས་ཀྱི་སྒོ་ལས་ རྒྱབ་སྐྱོར་འཚོལ་ནི་ལུ་ རྩ་འགེངས་ནི་ཟེར་ སླབ་ཨིན་པས།
ད་ལྟོ་ཚུན་ཚོད་ ཉམས་བཅོས་ཆུང་ཀུ་རེ་ ཞུ་ཡོདཔ་མ་གཏོགས་ སྦོམ་ཅིག་ག་ནི་ཡང་ འབད་མ་ཚུགས་པར་ཡོདཔ་ད་ ཉེན་ཁ་ཡོད་པའི་ ཁང་མིག་ཚུ་ནང་ དགེ་སློང་ཚུ་སྡོད་དོ་ཡོདཔ་ད་ རྫོང་གི་ནང་ན་ ཀཝ་མང་ཤོས་ཅིག་ ཕྱི་ཁར་ཐོན་ཡོདཔ་ལས་ དགེ་སློང་ཚུ་ཡང་ ཁང་མིག་གཅིག་ནང་མེན་པར་ ཕར་དང་ཚུར་སྦེ་ བཞག་དོ་ཡོདཔ་ཨིན་པས།
དབུ་འཛིན་གྱིས་ སླབ་མིའི་ནང་ ས་ཡོམ་རྐྱབ་པ་ཅིན་ ཧེ་མ་ལས་ ཉམས་ཆག་ཤོར་ཡོད་མི་དེ་ ཧྲམ་མི་འགྱོ་ག་ཟེར་ ཨ་རྟག་ར་ ཚ་གྱང་ལང་སྟེ་སྡོད་དོ་ཟེར་ཨིན་པས།
རྫོང་གཞི་དེ་ནང་ སྐུ་རྟེན་གཙོ་བོ་ དཔལ་ལྡན་ལྷ་མོ་ཨིནམ་ད་ གསུང་རྟེན་འབད་བ་ཅིན་ གསེར་དངུལ་གྱིས་བཞེངས་མི་ རྒྱལ་བའི་གསུང་རབ་ བཀའ་འགྱུར་དང་ འབུམ་ཡོདཔ་བཞིན་དུ་ ལོ་བསྟར་བཞིན་དུ་ སྐུ་མཆོད་འབུམ་སྡེ་ མང་རབས་ཅིན་ གནང་སྲོལ་ཡོདཔ་ཨིན་པས།
དབུ་འཛིན་གྱིས་ སླབ་མིའི་ནང་ བསམ་གླིང་བསྟན་པའི་གཞི་ཚོགས་ཟེར་ ཚོགས་པ་ཅིག་ གཞི་བཙུགས་འབད་ཐོག་ལས་ མ་དངུལ་འཚོལ་ཏེ་ ན་ཧིང་ལས་ མ་ནི་དུང་སྒྲུབ་ཡང་ འགོ་བཙུགས་ཡོདཔ་བཞིན་དུ་ ལོ་བསྟར་བཞིན་དུ་ འགོ་འདྲེན་འཐབ་ནི་ཨིན་པའི་ཁར་ བསམ་ཆོས་གླིང་དེ་ ས་གནས་ཚུབས་དྲགས་ཅིག་ཨིནམ་བཞིན་དུ་ སྤྱན་རས་གཟིགས་ཀྱི་ མཐོང་གྲོལ་ཅིག་ཡང་ གསར་བཞེངས་འབད་ཡི་ཟེར་ ཨིན་པས།
རྫོང་གཞི་དེ་ ཉམས་གསོ་ཞུ་ཞིནམ་ལས་ མ་འོངས་པའི་ནང་ གཞུང་རྩིས་རིག་གནས་ག་ར་ ལྷབ་སྦྱང་འབད་སའི་ ས་ཁོངས་ཅིག་སྦེ་ གཞི་བཙུགས་འབད་ནི་ཨིན་པའི་ཁར་ དགོན་འཛིན་གྲྭ་ཚང་ཅིག་སྦེ་ བཟོ་ནིའི་འཆར་གཞི་ཡོད་ཟེར་ ཨིན་པའི་གནས་ཚུལ།

ཉིམ་རྡོ་རྗེ། ཀྲོང་གསར།

About admin

Check Also

ལཱ་གཡོག་མ་ཐོབ་མི་དེ་ གནད་དོན་ག་ཅི་ཨིན་ན?

༉ རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་དང་འཁྲིལ་བ་ཅིན་ ལཱ་གཡོག་ཐོབ་མི་ཚུགས་པས་ཟེརཝ་ད་ ཧེ་མ་ ལཱ་འབད་ར་ མ་འབད་མི་ལུ་གོ་ཟེར་ཨིནམ་ད་ ལཱ་གཡོག་མེད་མི་ཚུ་གི་གྲས་ལས་ ལཱ་གི་ཉམས་མྱོང་མེད་མི་དེ་ མཐོ་ཤོས་ཨིནམ་སྦེ་ གསལ་སྟོན་འབད་ནུག། དེ་ཡང་ འཕྲལ་ཁམས་ཅིག་ཁར་ གསལ་སྟོན་འབད་མི་ སྤྱི་ལོ་༢༠༡༨ ཀྱི་ …

Leave a Reply

Your email address will not be published. Required fields are marked *