བློན་ཆེན་ཌོག་ཊར་བློ་གྲོས་ཚེ་རིང་མཆོག་ ཌ་ཀ་རྒྱལ་སྤྱི་གནམ་གྲུ་ནང་ཕེབས་ད་ བང་ལ་དེཤ་གི་བློན་ཆེན་ ཤེག་ཧ་སི་ན་གིས་ ཕེབས་བསུ་ཞུ་བའི་བསྒང་།

བློན་ཆེན་མཆོག་ བང་ལ་དེཤ་ལུ་ རང་གི་རྒྱལ་ཁབ་ནང་ ལྷོད་དོ་བཟུམ་མའི་ ཚོར་སྣང་བྱུང་ཡོདཔ།

༉ བློན་ཆེན་ཌོག་ཊར་བློ་གྲོས་ཚེ་རིང་མཆོག་ བང་ལ་དེཤ་ལུ་ རྒྱལ་ཁམས་ཀྱི་ གཟིགས་སྐོར་གནང་མི་དེ་ རང་གི་རྒྱལ་ཁབ་ནང་ ལྷོད་དོ་བཟུམ་ཅིག་ཨིན་མི་དེ་ཡང་ བློན་ཆེན་གྱིས་ རྒྱལ་ཁབ་དེ་ནང་ གསོ་བའི་མཐོ་རིམ་སློབ་གྲྭ་༢ ནང་ ལོ་༡༠ ཤེས་ཡོན་སྦྱངས་ཏེ་ བཞུགས་ནི་དེ་གིས་ཨིན་པས།
ཁ་ཙ་ བློན་ཆེན་མཆོག་ ཌ་ཀ་རྒྱལ་སྤྱི་གནམ་གྲུ་ནང་ཕེབས་ད་ བང་ལ་དེཤ་གི་བློན་ཆེན་ ཤེག་ཧ་སི་ན་གིས་ ཕེབས་བསུ་ཞུ་བའི་ཤུལ་ལས་ སྟི་སྭ་ཞུ་ཡོདཔ་ཨིན་པས།
བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ རྒྱལ་ཡོངས་རང་སྲོག་བློས་བཏང་པའི་རྗེས་དྲན་དང་ བང་ལ་དེཤ་རྒྱལ་ཁབ་རང་དབང་རང་བཙན་གཞི་བཙུགས་འབད་མི་ བང་ག་བཱན་དུ་རྗེས་དྲན་འགྲེམས་སྟོན་ཁང་ དེ་ལས་ བིམསི་ཊེག་ཡིག་ཚང་ནང་ བྱོན་པའི་ཤུལ་ལས་ བི་སི་པི་ཨེསི་ཟེར་མི་ བང་ལ་དེཤ་དྲུང་འཚོ་དང་ གཤག་བཅོས་དྲུང་འཚོ་མཐོ་རིམ་སློབ་གྲྭ་ནང་བྱོན་ཏེ་ ཧེ་མར་ ཁོ་རའི་སློབ་སྦྱོང་གི་ མཐའ་བཅད་ཆོས་རྒྱུགས་ཕུལ་སའི་ ཁང་མིག་དེ་ནང་ གསལ་བཤད་གནང་ནུག།
དེ་བསྒང་ ཆོས་རྒྱུགས་རྐྱབ་མི་༥༠ ཡོད་མི་ལས་༤ གིས་ སློབ་སྦྱོང་མཐར་འཁྱོལ་ཡོདཔ་བཞིན་དུ་ མཐར་འཁྱོལ་མི་ཚུ་གི་གྲས་ལས་༡ བློན་ཆེན་ཁོ་ར་ཨིནམ་ད་ ཁང་མིག་འདི་ནང་ རྔུལ་ནག་ཐོན་ཡོད་རུང་ བང་ལ་དེཤ་ལུ་ ལོ་༡༠ གྱི་རིང་ ཤེས་ཡོན་སྦྱང་སྟེ་ སྡོདཔ་ད་ མི་ཚེ་མཐར་འཁྱོལ་ཅན་ཅིག་ བཟོ་ཡི་ཟེར་ བློན་ཆེན་གྱིས་ གསུངས་ནུག།
འབྲུག་འདི་ བང་ལ་དེཤ་དེ་ རང་དབང་རང་བཙན་ རྒྱལ་ཁབ་ཨིནམ་སྦེ་ ངོས་འཛིན་འབད་མི་ རྒྱལ་ཁབ་དང་པ་ཨིནམ་བཞིན་དུ་ ད་རེས་ རྒྱལ་ཁབ་གཉིས་ཀྱི་བར་ན་ མཐུན་ལམ་དང་ ལེགས་སྨོན་ལེགས་ཤོམ་ཡོད་མི་དེ་ ལྷག་པར་དུ་ དོན་སྨིན་ཅན་དང་ ཕན་ཐོགས་ཅན་ བཟོ་དགོཔ་ཡོད་ཟེར་ཨིན་པས།
དེ་ཡང་ གལ་སྲིད་ འབྲུག་དང་བང་ལ་དེཤ་རྒྱལ་ཁབ་གཉིས་ཀྱི་བར་ན་ དཔལ་འབྱོར་གོང་འཕེལ་ལས་ ཕན་ཐོགས་འབྱུང་དགོ་པ་ཅིན་ མི་སེར་དང་ མི་སེར་གྱི་བར་ན་ མཉམ་འབྲེལ་དེ་ ག་ནི་བ་ གལ་ཆེ་ཟེར་ བློན་ཆེན་གྱིས་ གསུངས་ནུག།
ཨིན་རུང་ བང་ལ་དེཤ་གི་ ཕྱིར་ཚོང་དེ་ ཨེ་མི་རི་ཀའི་ཌོ་ར་ཐེར་འབུམ་༣༦ ཡོད་རུང་ འབྲུག་ལུ་ ཕྱིར་ཚོང་གི་གནས་གོང་ ཡུ་ཨེསི་ཌོ་ལར་ས་ཡ་༤ དེ་ཅིག་ལས་མེདཔ་ལས་ ཁྱད་པར་སྦོམ་ཡོདཔ་མ་ཚད་ འབྲུག་འདི་ སྐོབས་ཚུད་ཅན་གྱི་ རྒྱལ་ཁབ་ཨིན་རུང་ ཚོང་འབྲེལ་ལུ་ ལམ་ཡིག་དགོཔ་མེད་ཟེར་ གསུངས་ཡོདཔ་ཨིན་པས།
ཁ་ཙ་ བང་ལ་དེཤ་ཚོང་དང་བཟོ་གྲྭ་ཚོགས་སྡེ་དང་ འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེ་༢ ཀྱིས་ ཚོང་འབྲེལ་མཉམ་འབྲེལ་ཚོགས་སྡེ་ཅིག་ གཞི་བཙུགས་འབད་ནིའི་དོན་ལུ་ ཕན་ཚུན་གོ་བརྡའི་ཆིངས་ཡིག་གུ་ མཚན་རྟགས་བཀོད་ནུག།
བང་ལ་དེཤ་གི་ བློན་ཆེན་གྱི་ མགྲོན་བརྡ་ཐོག་ལུ་ འབྲུག་གི་བློན་ཆེན་དེ་ ཁ་ཙ་ ཉིན་གྲངས་༤ གི་དོན་ལས་ རྒྱལ་ཁམས་ཀྱི་ གཟིགས་སྐོར་ནང་ བྱོན་ཡོདཔ་ད་ བློན་ཆེན་དང་ཕྱག་ཞུ་སྟེ་ ཕྱི་འབྲེལ་བློན་པོ་ ཌོག་ཊར་རྟ་མགྲིན་རྡོ་རྗེ་དང་ གསོ་བ་བློན་པོ་ བདེ་ཆེན་དབང་མོ་ དེ་ལས་ གཞུང་གི་ཆེ་མཐོའི་འགོ་དཔོན་དང་ འབྲུག་གི་ཚོང་པའི་སྡེ་ཚན་ཅིག་ཡོད་པའི་གནས་ཚུལ།

About admin

Check Also

རང་བྱུང་སློབ་གྲྭ་ལྟེ་བའི་ སློབ་ཕྲུག་སྡེ་ཚན་ཅིག་གིས་ གསོལ་ཁ་གཏང་ནི་དང་ ཆོས་ཆས་ལག་ལེན་འཐབ་ཐངས་ཚུ་ ལྷབ་སྦྱང་འབད་དོ་ཡོདཔ།

༉ བཀྲིས་སྒང་ རང་བྱུང་སློབ་གྲྭ་ལྟེ་བའི་ སློབ་ཕྲུག་སྡེ་ཚན་ཅིག་གིས་ སློབ་གྲྭའི་ཆོས་ཚན་རྐྱངམ་གཅིག་གིས་མ་ཚད་པར་ ཆོས་ཕྱོགས་ཀྱི་ལས་རིམ་ནང་ བཅའ་མར་གཏོགས་ཏེ་ གསོལ་ཁ་གཏང་ནི་དང་ ཆོས་ཆས་ལག་ལེན་འཐབ་ཐངས་ཚུ་ཡང་ ལྷབ་སྦྱང་འབད་དོ་ཡོདཔ་ཨིན་པས། དེ་ཡང་ སློབ་ཕྲུག་སྡེ་ཚན་ཅིག་གིས་ དྲོ་པ་ཨ་རྟག་ར་ ཆུ་ཚོད་༥ ལས་ …

Leave a Reply

Your email address will not be published. Required fields are marked *