བློན་ཆེན་དང་ རྫོང་བདག་ཚུ་གི་བར་ན་ ལོ་བསྟར་ལཱ་ཤུལ་གྲུབ་འབྲས་ཆིངས་ཡིག་གུ་ མཚན་རྟགས་བཀོད་ཡོདཔ།

༉ སྤྱི་ཟླ་༡༠ པའི་ཚེས་༥ ལུ་ ནང་སྲིད་དང་སྲོལ་འཛིན་ལྷན་ཁག་གི་ ཞལ་འཛོམས་ཁང་ནང་སྦེ་ བློན་ཆེན་ ཌོག་ཊར་ བློ་གྲོས་ཚེ་རིང་གིས་ རྫོང་ཁག་༢༠ གི་ རྫོང་བདག་ཚུ་དང་ ལོ་བསྟར་ལཱ་ཤུལ་གྲུབ་འབྲས་ཆིངས་ ཡིག་གུ་ མཚན་རྟགས་བཀོད་གནང་ཡི།
བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ གསུངས་མིའི་ནང་ ད་ལས་ཕར་ ལོ་༥ འི་འཆར་གཞི་ བརྩམ་པའི་ཤུལ་ལས་ འཆར་དངུལ་བགོ་བཀྲམ་འབད་དགོཔ་ གལ་ཆེ་ཟེར་ཨིནམ་ད་ ད་ལྟོ་ཚུན་ ལོ་༥ འི་འཆར་གཞི་དེ་ ཧེ་མ་བརྩམས་ཏེ་ མ་དངུལ་ཡང་ དེ་དང་བསྟུན་ བགོ་བཀྲམ་འབད་མི་དེ་གིས་ གལ་གནད་ཆེ་བའི་ ལཱ་འབད་དགོཔ་ཐོནམ་ད་ དཀའ་ངལ་འཐོན་ནི་འདུག་ཟེར་ ཨིན་པས།
དཔེ་འབད་བ་ཅིན་ འཆར་གཞི་༡༢ པའི་ ལོ་༥ འི་འཆར་གཞི་དེ་ འདས་པའི་གཞུང་གིས་ བརྩམས་ཡོད་རུང་ ད་རེས་ ལག་ལེན་འཐབ་མི་དེ་ གཞུང་སྐྱོང་གསརཔ་ལུ་ འགན་ཁུར་ཕོག་ནི་དེ་གིས་ གཞུང་སྐྱོང་གི་ ཁས་བླངས་ དང་བསྟུན་པའི་ གཙོ་རིམ་ཅན་གྱི་ ལཱ་འབད་དགོཔ་ཐོནམ་ད་ དཀའ་ངལ་འདུག་ཟེར་ ཨིན་པས།
འཆར་གཞི་༡༢ པའི་ནང་ མ་ཚུད་མི་ ལེ་ཤ་ཅིག་ར་ འཆར་གཞི་ནང་བཙུགས་ཡོདཔ་ལས་ སང་ཕོད་ལས་ འགོ་བཙུགས་ཏེ་ ལོ་བསྟར་ལཱ་ཤུལ་གྲུབ་འབྲས་ཆིངས་ཡིག་གུ་ མཚན་རྟགས་མ་བཀོད་པའི་ཧེ་མར་ ལཱ་དང་ ལས་རིམ་ ལས་སྣ་ཚུ་ ག་ཅི་ཁག་ཆེཝ་ཨིན་ན་ གཅིག་ཁར་སྡོད་ཞིནམ་ལས་ གསུང་གྲོས་གནང་སྟེ་ མཚན་རྟགས་བཀོད་ཞིནམ་ལས་ མ་དངུལ་བགོ་བཀྲམ་འབད་ནི་ཨིན་ཟེར་ བློན་ཆེན་གྱིས་ གསུངས་ཡི།
གཞུང་སྐྱོང་མཆོག་འགྱུར་གན་ཡིག་གི་ ལམ་ལུགས་དེ་ ཧེ་མ་དང་ མ་འདྲཝ་སྦེ་ གྲུབ་འབྲས་བཏོན་ནི་དང་ ལཱ་འབད་ནིའི་དོན་ལུ་ ལྷན་ཁག་དང་ ལས་ཁུངས་ཚུ་གི་ འཆར་གཞི་ལས་སྣ་ཚུ་ ཞིབ་འཚོལ་དང་ བརྟག་ཞིབ་གནང་ཞིནམ་ལས་ མཚན་རྟགས་བཀོད་གནང་ཡི་ཟེར་ ཨིན་མས།
འདས་པའི་གཞུང་གི་སྐབས་ གཞུང་སྐྱོང་མཆོག་འགྱུར་གན་ཡིག་དང་འཁྲིལ་ ལྷན་ཁག་དང་ ལས་ཁུངས་ དེ་ལས་ རྫོང་ཁག་ཚུ་གིས་ ཕྱག་ལཱ་གནང་ཡོདཔ་བཞིན་དུ་ གྲུབ་འབྲས་ཚུ་ཡང་ བརྒྱ་ཆ་ལས་༩༠ ལས་བཅད་དེ་ ཐོབ་ཡོདཔ་ད་ དེ་ཡང་ གྲུབ་འབྲས་བཏོན་ཚུགས་མི་ལུ་རྐྱངམ་གཅིག་ ཕྱག་ལཱ་གནང་ཡོདཔ་ད་ གྲུབ་འབྲས་བཏོན་མ་ཚུགས་མི་ལུ་ ཕྱག་ལཱ་མ་གནང་པས་ཟེར་ བློན་ཆེན་གྱིས་ གསུངས་ཡི།
རྫོང་བདག་ཚུ་གིས་ རྫོང་ཁག་དང་ རྒེད་འོག་བདག་སྐྱོང་གིས་ འཆར་གཞི་དང་འཁྲིལ་ཏེ་ འཆར་དངུལ་ཚུ་ ག་ དེ་སྦེ་ སྤྱོད་དོ་ཡོདཔ་ཨིན་ན་ ཤེས་དགོ་པའི་ཁར་ དཔེ་འབད་བ་ཅིན་ བུམ་ཐང་རྫོང་ཁག་གི་དོན་ལུ་ མ་དངུལ་ དངུལ་ཀྲམ་འབུམ་༡༠༠ གནང་མི་དེ་ ཚུལ་དང་མཐུན་མ་སྦེ་ ལག་ལེན་འཐབ་པའི་ གྲུབ་འབྲས་མ་འཐོན་པ་ཅིན་ ལོ་ཤུལ་མའི་ནང་ མི་ཐོབ་ནི་ཨིནམ་ལས་ ལོ་བསྟར་བཞིན་དུ་ ཐོབ་ཐངས་ཀྱི་མ་དངུལ་མེད་ཟེར་ གསུངས་ཡི།
ས་གནས་གཞུང་གི་ བཅའ་ཁྲིམས་ནང་ རང་གི་རྒེད་འོག་དང་ རྫོང་ཁག་ནང་ འོང་འབབ་བཟོ་ནིའི་ གནས་ སྐབས་དགོ་ཟེར་ འཁོད་ཡོདཔ་ལས་ རྫོང་བདག་ཚུ་གིས་ རྒེད་འོག་ནང་ ལཱ་དང་ལས་རིམ་ཚུ་ ག་དེ་སྦེ་ འགྱོ་དོ་ག་ ལྟ་རྟོག་འབད་ནིའི་ དབང་ཚད་ཡོད་ཟེར་ ཨིན་པས།
ཞི་གཡོགཔ་ཚུ་གི་གྲས་ལས་ རྫོང་བདག་ཚུ་གིས་ ལཱ་དང་ལས་རིམ་སྦོམ་ འགོ་འདྲེན་འཐབ་ཚུགསཔ་ད་ དེ་གིས་ གཞུང་དང་ མི་སེར་གྱི་བར་ན་ ཟམ་བཟུམ་སྦེ་ ཕྱག་ཞུ་ཚུགས་ཨིན་པས།
རྫོང་བདག་ཚུ་ མི་དབང་མཆོག་གི་ སྐུ་གསུང་ཐུགས་ཀྱི་ ངོ་ཚབ་སྦེ་ རྫོང་ཁག་ནང་བཞག་མི་དེ་ ན་འཐན་ར་ འཆར་གཞི་གོང་འཕེལ་གྱི་ལས་སྣ་ཚུ་ ཐུགས་ཐག་གཅད་ནི་གུ་ལྷོདཔ་ད་ ས་གནས་གཞུང་གི་ བཅའ་ཁྲིམས་དང་འཁྲིལ་ ཁྲི་འཛིན་གྱིས་ ཕྱག་ལཱ་གནངམ་ད་ རྒྱལ་ཁབ་ཀྱི་དོན་ལུ་ འཕྲལ་དང་ཕུགས་ཀྱི་ ཐུགས་བཞེད་གནང་དགོཔ་འདུག་ཟེར་ ཨིན་པས།
བློན་ཆེན་གྱིས་ གསུངས་མིའི་ནང་ ད་རེས་ གཞུང་སྐྱོང་མཆོག་འགྱུར་ཆིངས་ཡིག་གུ་ མཚན་རྟགས་བཀོད་དོ་བཟུམ་སྦེ་ འགྲུབ་འབྲས་ཚུ་ འཐོན་པའི་སྙན་ཞུ་དེ་ སང་ཕོད་འགོ་འདྲེན་འཐབ་ནི་དང་ དེ་གི་ཤུལ་ལས་ ཟླ་རིམ་བཞིན་དུ་ འགྲུབ་འབྲས་བརྡ་སྟོན་གུ་ ལཱ་འབད་ནིའི་འཆར་གཞི་ཡོད་ཟེར་ཨིན་པས།
བློན་ཆེན་དང་ རྫོང་བདག་ཚུ་གི་བར་ན་ ལོ་བསྟར་ལཱ་ཤུལ་གྲུབ་འབྲས་ཆིངས་ཡིག་གུ་ མཚན་རྟགས་བཀོད་ནི་དེ་ ཁག་ཆེ་ཟེར་བ་ཅིན་ གྲུབ་འབྲས་ཡང་ དེ་དང་འཁྲིལ་ཏེ་ བཏོན་དགོཔ་གལ་ཆེ་ཟེར་ བློན་ཆེན་གྱིས་ གསུངས་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

 

About admin

Check Also

གནས་ཚུལ་མདོར་བསྡུས།

ཁ་ཙ་ བཀྲིས་སྒང་ ཕོངས་མེད་རྒེད་འོག་གི་ ཡབ་རང་དང་ ཐང་རོང་ ཕིམ་ཤོག་སྤྱི་འོག་ཚུ་ནང་ རླུང་འཚུབས་འཕུ་མི་ལུ་བརྟེན་ ཁྱིམ་གུང་༨༥ འི་ གེ་ཟ་ཞིང་ཨེ་ཀར་༤༥ ལྷགཔ་ཅིག་ གནོད་སྐྱོན་རྐྱབ་ཡོད་པའི་གནས་ཚུལ།

Leave a Reply

Your email address will not be published. Required fields are marked *