བློ་གསལ་དབྱངས་ཅན་གླིང་ཨ་ནེམོ་བཤད་གྲྭ།

བློ་གསལ་དབྱངས་ཅན་གླིང་ཨ་ནེམོ་བཤད་གྲྭ་གིས་ མི་སྡེ་ལུ་ཕན་པའི་ཞབས་ཏོག་ཚུ་ གཞི་བཙུགས་འབད་ནིའི་འཆར་གཞི།

༉ ཤིང་དང་མེ་ཏོག་སྣ་ཚོགས་དང་ མཛེས་ཆ་དང་ལྡན་པའི་ གཡུས་ཚན་ཚུ་གི་སྦུག་ལུ་ བློ་གསལ་དབྱངས་ཅན་གླིང་ཨ་ནེམོ་བཤད་གྲྭ་དེ་ གཟི་བརྗིད་ཆེ་ཏོག་ཏོ་སྦེ་ ཆགས་ཡོདཔ་ཨིན་པས།
དེ་ཡང་ མོང་སྒར་ཁྲོམ་ལས་ ཀི་ལོ་མི་ཊར་༧ དེ་ཅིག་གི་ ས་གོ་ནང་ གཞི་བཙུགས་འབད་མི་ ཨ་ནེམོ་བཤད་གྲྭ་དེ་ནང་ ཨ་ནེམོ་བསྡོམས་༦༥ ཡོདཔ་ད་ གཞུང་གྲྭ་ཚང་གི་ རྒྱབ་སྐྱོར་ཐོག་ལུ་ མཁན་པོ་༡ དང་ སློབ་དཔོན་༢ ཡོདཔ་ཨིན་པས།
གཞུང་གྲྭ་ཚང་གིས་སྦེ་ ཤར་ཕྱོགས་རྫོང་ཁག་༦ གི་མི་སེར་དང་ སེམས་ཅན་ཚུ་གི་དོན་ལུ་སྦེ་ ལོ་༣ གྱི་ལས་ འགུལ་བཟོ་སྟེ་ སྤྱི་ལོ་༢༠༡༡ ལུ་ རིན་བསྡུར་ཐོག་ ཁག་འབགཔ་ལུ་སྤྲོད་དེ་ བཟོ་སྐྲུན་འབད་ཡོདཔ་ཨིན་རུང་ ཡོངས་རྫོགས་སྦེ་ བཟོ་སྐྲུན་འབད་ཚར་ནི་ལུ་ ལོ་༧ ལྷགཔ་ཅིག་ འགོར་སོ་ནུག།
མོང་སྒར་རྒེད་འོག་ལས་ ས་གནས་གཞུང་གི་འགོ་ཁྲིདཔ་ཚུ་གིས་ འདས་པའི་ལོ་རྒྱུས་དང་འཁྲིལ་བ་ཅིན་ ཁག་འབགཔ་གིས་ དུས་ཚོད་ཁར་ བཟོ་སྐྲུན་འབད་མ་ཚུགས་པའི་ཁར་ དུས་ཐེབས་ལོ་དང་ཟླཝ་སྦེ་ བྱིན་མི་ནང་ཡང་ བཟོ་སྐྲུན་འབད་མ་ཚུགསཔ་ལས་ མི་སྡེ་ལུ་ ག་དེ་སྦེ་ ཕན་ཐོགས་ཚུགས་ག་ཟེར་བའི་ ཚ་གྱང་ལང་དགོཔ་བྱུང་ཡི་ཟེར་ ཨིན་པས།
དེ་བཟུམ་སྦེ་ མོང་སྒར་རྫོང་ཁག་དང་ རབ་སྡེ་གྲྭ་ཚང་ལུ་ ཚ་གྱང་ཅན་གྱི་ གཞི་གནད་ཅིག་ལུ་གྱུར་ཡོད་རུང་ ཁག་འབགཔ་དེ་གིས་ དུས་ཚོད་ཕར་འགྱངས་ ལོ་༤ དེ་ཅིག་འབད་མིའི་ནང་ གྲུབ་འབྲས་བཏོན་ཡོདཔ་ལས་ ད་རེས་ནངས་པར་ གཞུང་གྲྭ་ཚང་གིས་གཙོས་པའི་ ཤར་ཕྱོགས་རྫོང་ཁག་དང་ རྫོང་ཁག་གཞན་གྱི་ མི་སེར་ཚུ་ལུ་ཡང་ ཁེ་ཕན་བྱུང་སྟེ་འདུག།
ས་གོ་ནང་ ལས་འགུལ་འགོ་འདྲེན་འཐབ་འབད་མི་ རིན་འབྲེལ་ཁག་འབགཔ་ལས་ འཛིན་སྐྱོང་ངོ་ཚབ་དང་ ཁག་འབགཔ་གི་ སྤུན་ཆ་ཅིག་ཨིན་མི་ སྐྱེས་ལོ་༤༦ ལང་མི་ ད་ཟ་གིས་ སླབ་མིའི་ནང་ ལྷ་ཁང་དང་ ལྷ་ཁང་གི་མཐའ་འཁོར་ མགྲོན་ཁང་དང་ རྡོ་གཅལ་ཚུ་ བཟོ་སྐྲུན་འབད་བའི་ཁར་ ཐོག་ཚད་༣ འབད་མི་ཉལ་ཁྱིམ་ ཟ་ཁང་དང་ ཐབ་ཚང་ཚུ་ བཟོ་ཚར་ཡི་ཟེར་ཨིན་པས།
དེ་མ་ཚད་ ཐོག་ཚད་༢ འབད་མི་ སློབ་ཁང་དང་ གསང་སྤྱོད་ ཐོག་ཚད་༢ འབད་མི་ཁང་མིག་༡ དང་ ཐོག་༡ འབད་མི་ སློབ་དཔོན་གྱི་བཞུགས་གནས་ དེ་ལས་ གྱང་རྩིག་དང་ སྣུམ་འཁོར་ལམ་ཚུ་ བཏོན་ཡི་ཟེར་ཨིན་པས།
ད་ཟ་གིས་ སླབ་མིའི་ནང་ དུས་ཚོད་ཁར་ བཟོ་སྐྲུན་འབད་མ་ཚུགས་མི་དེ་ཡང་ བཟོ་སྐྲུན་གྱི་ཅ་ཆས་ཚུ་ མཁོ་སྒྲུབ་འབད་ནི་ལུ་ མ་དངུལ་དེ་གིས་ ལང་མ་ཚུགསཔ་ཨིན་རུང་ དུས་ཚོད་ཐེབས་བྱིན་མིའི་ནང་ ཁག་འབགཔ་ལུ་ཡོད་པའི་ འཕྲུལ་གླང་ཨེསི་ཀེ་བེ་ཊར་༢ དང་ སྣུམ་འཁོར་ཊེ་ལར་ཊཱག་༢ ཊི་པར་ཊཱག་༣ སྣུམ་འཁོར་ཊུག་སཱན་ དེ་ལས་ སྣུམ་འཁོར་བཱན་ཚུ་ བཙོང་མིའི་ཏི་རུ་ཐོབ་མི་གིས་ རྩ་འགེངས་ཏེ་ བཟོ་སྐྲུན་འབད་དགོཔ་བྱུང་ཡི་ཟེར་ཨིན་པས།
ལྷག་པར་དུ་ རྫོང་ཁག་གཞན་ཚུ་ནང་ ཁག་འབགཔ་གི་ཐོག་ལས་ ཐོབ་ཡོད་པའི་ལས་འགུལ་མཇུག་བསྡུ་མི་ལས་ཐོབ་མི་ ཏི་རུ་ཚུ་གིས་སྦེ་ བཟོ་སྐྲུན་འབད་ཡི་ཟེར་ཨིན་པས།
གཞུང་གྲྭ་ཚང་གིས་ རིན་བསྡུར་འབད་བའི་སྐབས་ མ་དངུལ་བྱེ་བ་༤ ལྷགཔ་ཅིག་བཞག་མི་དེ་ ཤུལ་ལས་ ཁག་འབགཔ་དང་ གྲོས་བསྟུན་འབད་ཐོག་ལས་ ཟད་རྩིས་བཏོན་པའི་སྐབས་ མ་དངུལ་བྱེ་བ་༦ ལྷགཔ་ཅིག་བཏོན་ཡོད་རུང་ ཡོངས་རྫོགས་སྦེ་ ལས་འགུལ་གྱི་གྲུབ་འབྲས་བཏོན་ཞིནམ་ལས་ ཟད་རྩིས་ཕབ་པའི་སྐབས་ ཟད་འགྲོ་ཡོངས་བསྡོམས་བྱེ་བ་༡༡ དེ་ཅིག་ གནས་ནུག་ཟེར་ཨིན་པས།
ཟད་འགྲོ་ཐེབས་གནས་མི་དེ་ ལས་འགུལ་དེ་ སྤྱི་ལོ་༢༠༡༡ གི་སྔོན་རྩིས་བཏོན་པའི་མ་དངུལ་དང་ ལོ་ཤུལ་མམ་ནང་ མཁོ་སྒྲུབ་འབད་མི་ ཅ་ཆས་ཚུ་གི་ གོང་ཚད་ཡར་སེང་དང་ ལས་མིའི་གླ་འཐུས་ཚུ་ཡང་ ཡར་སེང་སོང་མི་ལུ་བརྟེན་ཨིན་ཟེར་ འཛིན་སྐྱོང་ངོ་ཚབ་ད་ཟ་གིས་ སླབ་ཨིན་པས།
སྤྱི་ལོ་༢༠༡༨ འགོ་བཙུགས་ཁམས་ཅིག་ཁར་ བཟོ་སྐྲུན་འབད་ཚར་བའི་ཤུལ་ལས་ གཞུང་གྲྭ་ཚང་ལུ་ རྩིས་སྤྲོད་འབད་དེ་ ཟླཝ་༨ དེ་ཅིག་ལང་ཡི་ཟེར་ ལས་འགུལ་འཛིན་སྐྱོང་ངོ་ཚབ་ད་ཟ་གིས་ བཤད་ཡོདཔ་ད་ ད་ལྟོ་ཚུན་ བཤད་གྲྭའི་ཧོངས་ལས་ ཉམས་བཅོས་དགོ་པའི་ཉོགས་བཤད་ཚུ་ ག་ནི་ཡང་ མ་ལྷོད་ཟེར་ཨིན་པས།
ཨིན་རུང་ ཨ་ནེམོ་ཚུ་གི་ སློབ་སྟོན་དེ་ སྤྱི་ལོ་༢༠༡༦ ལུ་ གཞུང་འབྲེལ་ཐོག་ལས་ འགོ་འབྱེད་འབད་ཞིནམ་ལས་ འགོ་བཙུགས་ཡོདཔ་ད་ དེ་བསྒང་་ ཨ་ནེམོ་ཚུ་ བཀང་ལུང་ལུ་ཡོད་པའི་ བཤད་གྲྭ་ནང་སྦེ་ སློབ་སྟོན་འབད་ནུག།
འཛིན་གྲྭ་༣ པའི་ནང་ དཔེ་ཆ་ལྷབ་མི་ ཨ་ནེམོ་བདེ་ཆེན་མཚོ་མོ་གིས་ སླབ་མིའི་ནང་ ཆོས་འབད་ནི་ལུ་ སྤྲོ་བ་ཡོད་མི་ ཕམ་ཉམ་ཆུང་དང་ ན་གཞོན་བུམོ་ དེ་ལས་ ཨམ་སྲུ་ཚུ་གིས་ གོ་སྐབས་ལེན་དགོ་མནོ་རུང་ ས་གོ་དང་ གཞི་རྟེན་མཐུན་རྐྱེན་ཚུ་མེདཔ་ལས་ འཛུལ་མི་བཏུབ་པས་ཟེར་ཨིན་པས།
བློ་གསལ་དབྱངས་ཅན་གླིང་བཤད་གྲྭ་དེ་ གསརཔ་ཅིག་ཨིན་རུང་ གཞི་རྟེན་མཐུན་རྐྱེན་ཚུ་ ཚངམ་སྦེ་ཡོད་པའི་ཁར་ ན་ཚ་རེ་འབྱུང་རུང་ མོང་སྒར་ལུང་ཕྱོགས་གཙོ་བསྟེན་སྨན་ཁང་ ཉེ་འདབས་ལུ་ཡོདཔ་ལས་ སྟབས་བདེ་བས་ཟེར་ཨིན་པས།
བཤད་གྲྭའི་སློབ་དཔོན་ ཚེ་བརྟེན་བཀྲིས་ཀྱིས་ སླབ་མིའི་ནང་ བཤད་གྲྭ་གིས་ ད་ལས་ཕར་ མི་སྡེ་ལུ་ཕན་པའི་ ཞབས་ཏོག་གཞི་བཙུགས་འབད་ནིའི་དོན་ལུ་ འཆར་གཞི་དང་ལས་རིམ་ཚུ་ བརྩམས་ཡོད་རུང་ གཞུང་འབྲེལ་དུ་ འགོ་འབྱེད་མ་འབད་ཟེར་ཨིན་པས།
ཨིན་རུང་ ཉེ་འདབས་ཀྱི་གཡུས་ཚན་ གཡག་སྤུ་སྒང་དང་ ཝེང་མཁར་ཚུ་ནང་ ཨ་ནེམོ་ཚུ་ ཆོས་ལྷག་ནི་དང་ རིམ་གྲོ་འབད་ནི་ཚུ་གི་དོན་ལུ་ བཏང་དོ་ཟེར་ཨིནམ་ད་ བཤད་གྲྭ་ནང་སྦེ་ རྒྱལ་ཁབ་ཀྱི་སྐུ་རིམ་དང་ གསོན་གཤིན་གྱི་ རིམ་གྲོ་ཚུ་ཡང་ འགོ་བཙུགས་ནི་ཨིན་ཟེར་ཨིན་པས།
བཤད་གྲྭ་ནང་ ཨ་ནེམོ་༡༢༠ འི་ ས་སྟོང་ཡོདཔ་བཞིན་དུ་ ད་ལྟོ་བཟུམ་ཅིག་འབད་བ་ཅིན་ ཨ་ནེམོ་༦༥ ཡོདཔ་ཨིན་པས།
གཡག་སྤུ་སྒང་དང་ ཝེང་མཁར་ དེ་ལས་ སྐྱིད་བདེ་མཁར་གཡུས་ཚན་གྱི་ མི་སེར་ཚུ་ སེམས་དགའ་དགོ་མི་དེ་ཡང་ གསོན་གཤིན་གྱི་རིམ་གྲོ་དང་ དགེ་བའི་ལཱ་ཚུ་འབད་ཚུགས་པའི་ཁར་ སོ་ནམ་གྱི་ཐོན་སྐྱེད་ཚུ་ཡང་ འཕྲལ་འཕྲལ་ བཤད་གྲྭ་ལུ་ ཕུལ་ཚུགས་ནི་དེ་གིས་ཨིན་ཟེར་ སླབ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས། མོང་སྒར།

 

About admin

Check Also

ཀེ་བ་སྦོམ་ཆུང་དང་འཁྲིལ་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༡༩ དང་༢༤ གི་བར་ན་ བཙོང་དོ་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ འབྲུག་བཟའ་སྤྱོད་ལས་འཛིན་གྱི་ རིན་བསྡུར་ཁང་ནང་ ཀེ་བ་བཙོང་པར་ འབག་འོང་མི་ སོ་ནམ་པ་ཚུ་ སེམས་དགའ་སྟེ་ཡོད་མི་དེ་ཡང་ ད་ལྟོ་ གོང་ཚད་ལེགས་ཤོམ་ཐོབ་ནི་དེ་གིས་ཨིན་པས། ཁ་ཙ་ ཀེ་བ་རིན་བསྡུར་ཐོག་ལས་བཙོངམ་ད་ ཀེ་བ་དམརཔོ་སྦོམ་ ཀེ་ཇི་རེ་གིས་ མཐོ་ཤོས་དངུལ་ཀྲམ་༢༤ …

Leave a Reply

Your email address will not be published. Required fields are marked *