བློ་གཏད་ཡིད་ཆེས་ བསྐྱེད་ཚུགས་པའི་ སྲིད་དོན་པ་དགོཔ།

༉ འདས་པའི་ཉིནམ་གཉིས་ཀྱི་ཧེ་མར་ སྲིད་ཚོགས་གཉིས་ཀྱི་ འདེམས་ངོ་ཚུ་གི་དོན་ལུ་ མི་མང་རྩོད་བསྡུར་ལས་རིམ་ འགོ་འདྲེན་འཐབ་མི་དེ་ མཐར་འཁྱོལ་ཅན་སྦེ་ མཇུག་བསྡུ་ཡོདཔ་བཞིན་དུ་ ད་རེས་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་ རང་སོའི་འདེམས་ཁོངས་ནང་ ལྷོད་མ་ཚུགས་མི་ཚུ་གི་དོན་ལུ་ རྒྱལ་ཁབ་མཐའ་དབུས་མེད་པར་ ལྷན་ཐབས་འགྲེམ་ཐོག་ཚོགས་རྒྱན་ས་ཁོངས་ཀྱི་ ཞབས་ཏོག་གཞི་བཙུགས་འབད་མི་དེ་ཡང་ ད་རིས་ལས་ མཇུག་བསྡུཝ་ཨིན་མས།

དེ་དང་འབྲེལ་ ཉིནམ་དག་པ་ཅིག་གི་ཤུལ་ལས་ འགོ་འདྲེན་འཐབ་ནི་ཨིན་མི་ སྤྱི་ཚོགས་གསུམ་པའི་ རྒྱལ་ཡོངས་ཚོགས་འདུའི་ སྤྱིར་བཏང་བཙུག་འཐུའི་དོན་ལུ་ འབྲུག་མི་ཚུ་ཆ་མཉམ་ར་ རང་སོའི་ གསང་བའི་ཚོགས་རྒྱན་བཙུགས་ནི་སྦེ་ གྲ་སྒྲིག་ཡོདཔ་མ་ཚད་ སག་ལང་སྟེ་སྡོད་པའི་ མངོན་གསལ་བྱུངམ་ཨིན་མས།

ཨིན་རུང་ བཙག་འཐུ་རན་མི་དང་བསྟུན་ སྲིད་དོན་ཚོགས་པ་དང་ རྒྱབ་སྐྱོར་པ་ དེ་ལས་ ལས་བྱེདཔ་ཚུ་གིས་ རང་སོའི་འདེམས་ཁོངས་ནང་ལས་ རྒྱལ་ཁ་འཐོབ་ནིའི་དོན་ལུ་ ཐ་ན་ བཙག་འཐུའི་བཅའ་ཁྲིམས་དང་ སྒྲིག་གཞི་ཚུ་ལས་བརྒལ་བའི་བྱ་ངན་ དཔེ་འབད་བ་ཅིན་ དམའ་ཕབ་དང་ སྐྱོན་བརྗོད་ བརྡབ་གསིག་ འཇིགས་སྐུལ་ ནང་གསུག་ ཕུང་དཀྲུག་ དེ་ལས་ སྲི་སློང་ནི་ལ་སོགས་པ་ཚུ་ འཚེར་སྣང་མེད་པར་འབད་དོ་ཡོདཔ་ལས་ དེ་གིས་ ང་བཅས་རའི་ དམངས་གཙོའི་རིང་ལུགས་ ནུས་ཤུགས་ཅན་དང་ སྒྲིང་སྒྲི་བཟོ་ཚུགས་ག?

གཅིག་ལས་བལྟ་བ་ཅིན་ དམངས་གཙོའི་བྱ་རིམ་ནང་ འདི་བཟུམ་མའི་ གནོད་འཚུབ་ཆེ་བའི་ བྱ་ངན་ཚུ་འབད་མི་དེ་ཡང་ ད་ལྟོ་ ང་བཅས་རའི་ རྒྱལ་ཁབ་འདི་ དམངས་གཙོའི་རིང་ལུགས་ལུ་ སོར་བསྒྱུར་འབད་དེ་ ལོ་གངམ་མ་ལང་པའི་ཁར་ མ་ཁུག་ནི་དེ་གིས་ཨིན་པའི་ གོ་དོན་ལེན་དགོཔ་འདུག།

མ་གཞི་ འཛམ་གླིང་རྒྱལ་ཁབ་ག་ཏེ་འབད་རུང་ སྲིད་དོན་ཚོགས་པ་དང་ སྲིད་དོན་པ་ཚུ་གིས་ ནམ་ར་འབད་རུང་ མི་སེར་ཚུ་ལུ་ གདམ་ཁ་ལེགས་ཤོམ་བྱིན་ཏེ་ དཀའ་ངལ་སེལ་ཐབས་ཀྱི་ ཁས་བླངས་གསལ་བསྒྲགས་འབད་སྲོལ་ཡོད་རུང་ ཚོགས་པའི་ལཱ་འབད་མི་ཚུ་གིས་ བར་ན་ལས་ མགུ་རྙོགས་ཅན་གྱི་ གནས་སྟངས་བཟོཝ་ཨིན་མས།

འབྲུག་འདི་ མི་འབོར་ཉུང་བའི་ རྒྱལ་ཁབ་ཅིག་ཨིནམ་ལས་ ན་འཐན་སྦེ་ དྲནམ་མ་བཏོན་པ་ཅིན་ སྲིད་ཚོགས་ལུ་བརྟེན་ ས་ཕྱོགས་གཡུས་ཕྱོགས་དང་ མི་སྡེ་ཚུ་གི་བར་ན་ ཕུང་སྲི་སློང་སྟེ་ ཁག་དབྱེ་བཅུག་ནིའི་ གནོད་ཉེན་ཚབས་ཆེན་ཡོདཔ་ལས་ ང་བཅས་ར་ སྲིད་འབྲེལ་གྱི་གནད་དོན་ཚུ་ ཞིབ་རྟོག་འབད་དགོཔ་ཁག་ཆེ།

དམངས་གཙོའི་རིང་ལུགས་ཀྱི་ ལམ་ལུགས་དང་བསྟུན་ ལོ་ལྔའི་བར་ན་ བཙག་འཐུ་ཚར་རེ་ འགོ་འདྲེན་འཐབ་མི་དེ་ཡང་ གཙོ་བོ་རྒྱལ་ཁབ་ནང་ ཞི་བདེ་དང་དགའ་སྐྱིད་ གཅིག་མཐུན་གཅིག་སྒྲིལ་ ཡར་རྒྱས་གོང་འཕེལ་གཏང་ནིའི་ དམིགས་གཏད་ཨིནམ་མ་གཏོགས་ མི་སྡེ་ཁག་དབྱེ་གཏང་ནིའི་དོན་ལུ་ དོ་འགྲན་མེནམ་ ཀུན་གྱིས་ཤེས་རྟོགས་འབད་དགོ།

ད་ལྟོ་ཚུན་ མི་མང་རྩོད་བསྡུར་འབད་མི་ཚུ་ལུ་ བསམ་ཞིབ་འབད་ལྟཝ་ད་ འདེམས་ངོ་ཚུ་ག་ར་འབད་རུང་ རྩ་བ་གསུམ་ལུ་ ལྷག་བསམ་རྣམ་དག་གི་ཐོག་ལས་ ཕྱག་ཞུ་ནི་དང་ མི་སྡེའི་དཔལ་འབྱོར་གོང་འཕེལ་ སྔར་ལས་ལྷགཔ་སྦེ་ ཡར་རྒྱས་གཏང་ནི་ དེ་ལས་ རང་མགོ་རང་འདྲོང་གི་ དམིགས་གཏད་འགྲུབ་ནིའི་དོན་ལུ་ བརྩོན་ཤུགས་བསྐྱེད་ནི་དེ་ ཆ་མཉམ་གྱི་ རེ་འདུན་གཅིག་མཚུངས་ཨིན་པ་ལུ་བརྟེན་ སྤྱིར་བཏང་མི་སེར་ཚུ་གིས་ དེ་དང་བསྟུན་པའི་ གོ་བ་གཏིང་ཟབ་ལེན་དགོཔ་འདུག།

སྲིད་དོན་པ་ཚུ་གིས་འབད་རུང་ བཙག་འཐུ་ནང་ལས་ རྒྱལ་ཁ་ཐོབ་པའི་ཤུལ་ལུ་ རང་སོའི་ཁས་བླངས་འབད་མི་ཚུ་ ཁ་དང་ལགཔ་རྟགས་མཐུནམ་སྦེ་ བསྟར་སྤྱོད་འབད་བ་ཅིན་ ཚོགས་རྒྱན་བཙུགས་མི་གིས་ ལྷག་པར་དུ་ བློ་གཏད་ཡིད་ཆེས་བསྐྱེད་ཚུགས།

About admin

Check Also

ནད་གཞི་ཀེན་སར་འཛིན་སྐྱོང་གི་ ཐབས་ལམ་གཅིག་མཚུངས་ བཟོ་དགོ་པའི་ཞུ་བསྐུལ།

༉ འབྲུག་རྒྱལ་ཁབ་ནང་ ནད་གཞི་ཀེན་སར་ཚུ་གི་གྲས་ལས་ ཕོཝ་གི་ཀེན་སར་དེ་ ཁྱབ་ཆེ་དྲགས་ཡོད་པའི་ ངོས་འཛིན་བྱུང་ཡི་ཟེར་ ཀེན་སར་ཚོགས་སྡེ་གིས་ བཀོདཔ་ཨིན་པས། དེ་ཡང་ སྤྱི་ཟླ་༡༢ པའི་ཚེས་༡༤ ལུ་ ཤར་ལྷོ་ཨེ་ཤི་ཡ་ སཱག་ལུང་ཕྱོགས་ཀྱི་ རྒྱལ་སྤྱི་ཀེན་སེར་ཞལ་འཛོམས་ …

Leave a Reply

Your email address will not be published. Required fields are marked *