དངོས་གྲུབ་བླངས་དབང་ཞུ་མི་ དད་མོས་ཅན་སྟོང་ཕྲག་ལས་བཅད་དེ་ འཛོམས་མི་ཚུ།

བྱིན་རླབས་ཅན་གྱི་ ཡོངས་ལ་དགོན་པའི་ ཕུར་པའི་སྒྲུབ་ཆེན་གྲོལ་ཡོདཔ།

༉ ཁ་ཙ་ མི་མང་ལུ་ དངོས་གྲུབ་བླངས་དབང་གནང་ཐོག་ལས་ པདྨ་དགའ་ཚལ་ ཡོངས་ལ་དགོན་པའི་ བྱིན་རླབས་ཅན་གྱི་ ལོ་བསྟར་ཕུར་པའི་སྒྲུབ་ཆེན་དངོས་གཞི་དེ་ གྲོལ་གནང་ཡོདཔ་བཞིན་དུ་ ད་རིས་ གཏང་རག་ཚེས་བཅུའི་ ཚོགས་འཁོར་བསྐོར་གནང་ནི་ཨིན་པས།
ལོ་བསྟར་བཞིན་དུ་ དངོས་གྲུབ་བླངས་དབང་ཞུ་མི་ དད་མོས་ཅན་སྟོང་ཕྲག་ལས་བཅད་དེ་ དྲོ་པའི་ཆུ་ཚོད་༣ དང་༤ དེ་ཅིག་ལས་ འོང་དོ་ཡོད་མི་དེ་ཡང་ དངོས་གྲུབ་བླངས་དབང་སྐབས་ ཡོངས་ལ་དགོན་པའི་ ནང་རྟེན་གཙོ་བོ་ གཏེར་ཕུར་ལ་སོགས་པའི་ དབང་གནང་དོ་ཡོད་མི་ལུ་བརྟེན་ཨིན་པས།
ལོ་བསྟར་ཕུར་པའི་སྒྲུབ་ཆེན་དེ་ཡང་ སྒྲ་སློབ་སྐུ་བགྲེས་ སངས་རྒྱས་རྡོ་རྗེ་མཆོག་གིས་ དབུ་བཞུགས་ཐོག་ལས་ པདྨ་དགའ་ཚལ་རབ་སྡེའི་དགེ་སློང་ ཞལ་གྲངས་༢༡༠ དེ་ཅིག་གིས་ སྤྱི་ཟླ་༡༠ པའི་ཚེས་༦ ལས་ གནང་ཡོདཔ་བཞིན་དུ་ དད་མོས་ཅན་གྱི་ མི་སེར་ཚུ་གིས་ཡང་ གྲལ་གཏོགས་འབད་ཡོདཔ་ཨིན་པས།
རབ་སྡེའི་གཉེར་སློབ་ བསོད་ནམས་སྟོབས་རྒྱས་ཀྱིས་ བཤད་དོ་བཟུམ་འབད་བ་ཅིན་ སྒྲུབ་ཆེན་ཉིནམ་དང་པའི་སྐབས་ ས་ཆོག་ཟེར་ ཕྱོགས་༤ ལུ་ བཅད་མཚམས་བཀལ་ནི་དང་ ཉིནམ་༢ པའི་ནང་ རྒྱན་བཀོད་སྟ་གོན་གྱི་དབང་ གནང་དོ་ཡོདཔ་བཞིན་དུ་ ཉིནམ་༣ པ་ལས་ ཚེས་༡༥ ཚུན་ ཉིན་མཚན་མེད་པར་ ཕུར་པའི་སྒྲུབ་ཆེན་དངོས་གཞི་ གནང་ཡི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཡོངས་ལ་དགོན་པའི་ ཕུར་པའི་སྒྲུབ་ཆེན་དེ་ ཡོངས་ལ་དགོན་པ་ཕྱག་བཏབ་གནང་མི་ བླམ་འཇིགས་མེད་ཀུན་གྲོལ་གྱིས་ བཙུགས་གནང་ཡོདཔ་བཞིན་དུ་ ད་རེས་འབདཝ་ད་ སྒྲུབ་ཆེན་དེ་བཙུགས་ཏེ་ ལོ་༣༠༠ ལྷགཔ་ཅིག་ ལང་ནུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ སྒྲུབ་ཆེན་དེ་ བྱིན་རླབས་ཅན་ཅིག་སྦེ་ བརྩི་འཇོག་འབད་མི་དེ་ཡང་ ཤར་ཕྱོགས་ཁ་ཐུག་ རྒྱ་གར་ཀ་མ་རུ་པའི་ དམག་ལས་བཟློག་ཐབས་ལུ་ བླམ་འཇིགས་མེད་ཀུན་གྲོལ་གྱིས་ ཕུར་པའི་གཏོར་ཟློག་དང་བཅས་ ཕུར་པའི་སྒྲུབ་ཆེན་དེ་ ཉིན་མཚན་འཁོར་ཡུག་ཟེར་ ཉིན་ནུབ་མེད་པར་ གནང་མི་ལུ་བརྟེན་ ཨིན་མས་ཟེར་ཨིན་པས།
བསོད་ནམས་སྟོབས་ཀྱིས་ སྒྲུབ་ཆེན་དེ་ ཧེ་མ་ལས་ རང་ཟླ་༩ པའི་ཚེས་༢༢ ལུ་ ལྷ་བབས་དུས་ཆེན་དང་འབྲེལ་ འགོ་བཙུགས་དགོ་པའི་ སྲོལ་བཙུགས་གནང་ཡོད་རུང་ ཡོངས་ལ་དགོན་པ་ལུ་ གྱང་བསིལ་དང་ འཐུང་ཆུའི་དཀའ་ངལ་ བྱུང་དོ་ཡོད་མི་དང་བསྟུན་ ཤུལ་ལས་ རང་ཟླ་༨ པའི་ནང་ འགོ་འདྲེན་འཐབ་ཅི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ པདྨ་དགའ་ཚལ་རབ་སྡེ་གིས་ སྒྲུབ་ཆེན་རྒྱུན་མ་ཉམས་པར་ འགོ་འདྲེན་འཐབ་མི་དེ་ རྒྱལ་ཁབ་ནང་ ནད་ཡུམས་མུ་གེ་དང་ དམག་འཁྲུགས་ལ་སོགས་པ་ཚུ་ཞི་སྟེ་ མི་དབང་ཡབ་མེས་སྲས་༣ དང་ མི་དབང་སྐུ་འཁོར་ལྷན་རྒྱས་ དེ་ལས་ བློན་འབངས་ཚུ་ དགའ་སྐྱིད་ཀྱི་ངང་ལུ་ གནས་ཐབས་ལུ་ཨིན་ཟེར་ ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། བསམ་གྲུབ་ལྗོངས་མཁར།

 

About admin

Check Also

གནས་ཚུལ་མདོར་བསྡུས།

སྤྱི་ཟླ་༡༡ པའི་ཚེས་༧ ལུ་ ཐིམ་ཕུག་བདེ་ཆེན་ཕུག་གི་ ལོ་བསྟར་ཚེས་བཅུ་ འགོ་འདྲེན་འཐབ་པའི་སྐབས་ དད་ཅན་བརྒྱ་ལས་བཅད་དེ་ འཛོམས་མི་ཚུ་ལུ་ ཞྭ་ནག་རྔ་འཆམ་དང་ དགེ་བསྙེན་སྐུ་འཆམ་ ཤ་རྫམ་ རྔ་འཆམ་ཚུ་ མཇལ་ཁ་གནང་ཡོདཔ་བཞིན་དུ་ ལོ་བསྟར་ཚེས་བཅུ་དེ་ སྤྱི་ལོ་༢༠༠༣ …

Leave a Reply

Your email address will not be published. Required fields are marked *