འཆི་མེད་ཚེའི་བུམ་པ་རང་བྱོན།

བྱིན་རླབས་ཅན་གྱི་བྲག་རི་ རོང་རྩེ་གནས་རི་གསུམ་གྱི་ལོ་རྒྱུས།

༉ ཧཱ་རྫོང་ཁག་ རོང་རྩེའི་སྦས་གནས་ཁྱད་པར་ཅན་དེ་ རྒྱན་ཀ་ནང་ལས་ གསང་སྦས་ཁ་དྲུང་ཁག་ཚུན་ སྣུམ་འཁོར་ནང་ དུས་ཡུན་ཆུ་ཚོད་༤ དང་༥ དེ་ཅིག་ འགྲོ་འགྲུལ་འབད་བའི་ཤུལ་ལུ་ དྲུང་ཁག་ལས་ དུས་ཡུན་ཆུ་ཚོད་༢ ལྷགཔ་ཅིག་ རྐང་སྟོང་སྦེ་འགྱོཝ་ད་ ལྷོད་ཚུགས་པས།

སྦས་གནས་དེ་ ཨ་མོ་ཆུའི་ མཐའམ་དང་མཐུད་དེ་ཡོད་མི་ གོང་དབྱིབས་ཀྱི་ གངས་རི་མ་འདྲཝ་ཅིག་ མཐོང་གསལ་བྱུང་མི་དང་ རོང་རྩེ་གཡུས་ཚན་གྱི་འོག་ལུ་ ཤིང་ཆེན་སྣ་ཚོགས་འཛོམས་པའི་སྦུག་ལུ་ ཆགས་ཏེ་ཡོདཔ་ད་ གངས་རི་དེ་གི་སྦུག་ལས་ མཚམས་འཇོག་མེད་པའི་ གནས་སྒོ་ལེ་ཡོད་མི་དེ་ནང་ ཡ་མཚན་ཆེ་བའི་ རྡོ་ལེ་ཤ་ མཇལ་ནི་ཡོད་མི་དེ་ ཨྱོན་གུ་རུ་རིན་པོ་ཆེ་དང་ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་༢ ཀྱིས་ སྒོམ་སྒྲུབ་གནང་ཞིནམ་ལས་ སྦས་གནས་ཁྱད་པར་ཅན་ཨིན་པའི་ སྒྲུབ་རྟགས་ཡ་མཚན་ཅན་ལེ་ཤ་ བཞག་ཡོད་པའི་ གནས་ཁང་ཨིན་པས།

གཡུས་ཚན་དེ་ནང་གི་ མི་རྒན་ཤོས་ལ་ལུ་ཅིག་གིས་ ཨྱོན་གུ་རུ་རིན་པོ་ཆེ་ དུས་རབས་༨ པའི་ནང་ རྒྱལ་ཁབ་ནང་ བྱོན་པའི་སྐབས་ ཆགས་ཡོདཔ་སྦེ་ སླབ་དོ་ཡོདཔ་ད་ རོང་རྩེ་དེ་ གསང་བའི་སྦས་གནས་ རང་བཞིན་འབདཝ་ལས་ གསང་སྦས་གནས་ཟེར་ ཞུ་དོ་ཡོདཔ་བཞིན་དུ་ གཡུས་ཁའི་ གཏམ་རྒྱུས་ཚུ་དང་འཁྲིལཝ་ད་ གངས་རི་དེ་ ནོར་བུ་ཨིན་ཟེར་ཨིན་པས།

རྗེ་མཁན་ཁྲི་རབས་༦༩ པ་ སྐྱབས་རྗེ་ཞིང་གཤེགས་ དགེ་འདུན་རིན་ཆེན་མཆོག་གིས་མཛད་མི་ ལྷོ་འབྲུག་ཆོས་འབྱུང་ནང་ རོང་རྩེ་གནས་དེ་ གནས་ཆེན་རིན་ཆེན་གཤོང་ངོ་མ་ཨིནམ་སྦེ་ ཚུད་དེ་ཡོདཔ་མ་ཚད་ བླམ་མ་ཎིཔོ་དང་ སློབ་དཔོན་སངས་རྒྱས་ བླམ་བྷ་ར་ཝ་ དེ་ལས་ དགེ་བཤེས་ཀུན་དགའ་རིན་ཆེན་དང་ དགེ་བཤེས་རྡོ་ཏི་ལ་སོགས་པ་ཚུ་གིས་ ཞབས་ཀྱིས་བཅགས་ཏེ་ ཨྱོན་གུ་རུ་རིན་པོ་ཆེའི་ གསང་བའི་སྦས་གནས་ཁྱད་པར་ཅན་ཨིནམ་སྦེ་ ངོས་འཛིན་གནང་ཡོདཔ་ཨིན་པས།

དཔྱེ་གཏམ་ལས་ གནས་གསང་སྦས་གནས་ཀྱི་རྩ་བ་ལུ། །གནས་ལུགས་མི་རློབས་ཆུང་གཅིག་པ། །དྲག་སྟེ་དགུང་ལས་མི་མཐོ། །ལྟོགས་ཏེ་བྱིས་པ་མི་ཤི། །མཇུག་ལུ་མི་བརྒྱུད་ན་ལས་དར་འོང་། །ཟེར་ གསང་བའི་སྦས་གནས་ཁྱད་པར་ཅན་ དེ་གི་རྩ་བ་ མི་རློབས་ཆུང་ཀུ་གཅིག་ལས་མེད་མི་དེ་ གཞན་ཚུ་བཟུམ་སྦེ་ ཡར་རྒྱས་མ་བཏང་རུང་ ལྟོ་བཀྱེས་ ཁ་སྐོམ་ཏེ་ ཐ་ན་ ཨ་ལོ་ཆུང་ཀུ་ཅིག་ཡང་ མི་ཤི་ནི་ཨིནམ་ལས་ མཐའན་མཇུག་ལུ་ མི་བརྒྱུད་དེ་ གནས་དེ་ལས་ དར་འོང་ཟེར་ སླབ་སྲོལ་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ གཡུས་ཁའི་རྒན་ཤོས་ཚུ་གིས་ དུས་མཐའི་སྐབས་ འཛམ་གླིང་འདི་ནང་ ཉིམ་བདུན་ཤར་ཏེ་ མེ་གིས་ བསྐལ་པ་འཇིག་པའི་ ནམ་དུས་ལུ་ རོང་རྩེ་གནས་དེ་ མེ་གིས་ མ་འཚིགས་པར་ ལུས་ནི་ཨིནམ་མ་ཚད་ མིའི་སོན་དེ་ཡང་ དེ་ནང་ལུས་ཞིནམ་ལས་ འཛམ་གླིང་ནང་ མི་བརྒྱུད་ལོག་སྟེ་ གནས་དེ་ནང་ལས་ དར་འོང་ཟེར་ བཤད་སྲོལ་འདུག།

གནས་སྒོ་ངོ་མ་དེ་ནང་ རུས་སྦལ་རྡོའི་རྣམ་པ་༡ མཇལ་ནི་ཡོདཔ་ད་ དེ་ཡང་ ཧེ་མར་ སྡིག་པ་རཱ་ཛ་གིས་ དེ་ཁའི་མི་ཚུ་ལུ་ གནོདཔ་བཀལ་དོ་ཡོདཔ་མ་ཚད་ ཨྱོན་གུ་རུ་རིན་པོ་ཆེ་ གནས་དེ་ནང་ བྱོན་མ་བཅུག་པར་ བཀག་ནིའི་དཔའ་བཅམ་ཡོད་མི་དེ་ གུ་རུ་གིས་ རྫུས་འཕྲུལ་གྱིས་སྦེ་ རུས་སྦལ་ལུ་ བསྒྱུར་ཞིནམ་ལས་ གནས་ཀྱི་སྲུང་མ་སྦེ་ བཞག་ཡོདཔ་ད་ དེའི་སྦོ་ལོགས་ཁར་ ཨྱོན་གུ་རུ་རིན་པོ་ཆེ་ གསང་བ་ལུ་བྱོན་པའི་སྐབས་ སྐུ་གསུང་ཐུག་གིས་ མནྜལ་ཕུལ་མི་དེ་ མཇལ་ནི་འདུག།

རོང་རྩེ་གཞི་རིམ་སློབ་གྲྭ་གིས་ ཞིབ་འཚོལ་འབད་མི་དང་འཁྲིལཝ་ད་ བྲག་རི་དེ་ རྟ་དང་ཅོག་འཐདཔ་སྦེ་ཡོདཔ་ལས་ གནས་ཀྱི་སྲུང་མ་ ཨིན་ཟེར་ཨིནམ་ད་ ནང་སྲིད་ལྷན་ཁག་འོག་གི་ སྲོལ་འཛིན་ལས་ཁུངས་ཀྱི་ གནས་ཡིག་ཀུན་ཕན་ལམ་སྟོན་ གླེགས་བམ་༩ པ་དང་ འཁྲིལ་བ་ཅིན་ གནས་སྒོ་དང་པའི་ གཡས་ཁ་ཐུག་ གུ་རིའི་གསང་བའི་རྡོ་རྗེའམ་ དབང་ཕྱུག་ཆེན་པོ་ མཇལ་ནི་ཡོདཔ་ད་ དབང་ཕྱུག་ཆེན་པོ་དེ་ལས་ བུའི་དངོས་གྲུབ་ཞི་བ་ཅིན་ བྱིན་རླབས་དངོས་སུ་ གནང་དོ་ཡོདཔ་སྦེ་ སླབ་སྲོལ་འདུག་ཟེར་ཨིན་པས།

གནས་བཤད་པ་ཚུ་གིས་ སླབ་མིའི་ནང་ གནས་དེ་ནང་ཡོད་མི་ རྡོའི་རྣམ་པ་ཚུ་ གཅིག་ཨིན་རུང་ སོ་སོར་སྦེ་ མཇལ་ནི་ཡོད་མི་དེ་ཡང་ གནས་མཇལ་བར་འོང་མི་ ཁོང་རའི་ དད་མོས་དང་བསྟུན་ ཨིནམ་མ་ཚད་ གནས་དེ་ གསང་བའི་སྦས་གནས་འབད་མི་ལུ་བརྟེན་ དཔེ་འབད་བ་ཅིན་ ད་རེས་ དབང་ཕྱུག་ཆེན་པོ་མཇལ་བ་ཅིན་ དེའི་ནངས་པར་ སོ་སོ་གཅིག་སྦེ་ མཇལ་ནི་ཡོདཔ་ལས་ གཅིག་སྦེ་ མཇལ་ནི་མེད་ཟེར་ཨིན་པས།

གནས་སྒོ་གཅིག་ལས་ གཅིག་ལུ་ མཐུད་སྦྲེལ་འབད་ཡོད་མི་ གནས་སྒོ་དེ་ཚུ་ནང་ རང་སོའི་དད་མོས་དང་བསྟུན་ ཨྱོན་གུ་རུའི་ཞབས་རྗེས་དང་ འཆི་མེད་ཚེའི་བུམ་པ་རང་བྱོན་ མཆོད་རྟེན་བརྒྱ་དང་བརྒྱད་ མཁའ་འགྲོའི་བྷ་ག་ མཁའ་འགྲོ་སྐུ་ཁྲུས་གནང་པའི་ཁྲུས་གཞོང་ དུང་དཀར་ དཀར་མེ་ མ་ཎི་ལག་འཁོར་ ཚོགས་བརྡ་གླང་པོ་དང་ གླང་པོ་རིན་པོ་ཆེ་ དམར་གཏོར་ གསེར་གྱི་ཀ་ཆེན་ བཀྲིས་རྟགས་བརྒྱད་ བདེ་མཆོག་ལྷ་ཚོགས་ཀྱི་དཀྱིལ་འཁོར་ སངས་རྒྱས་སྟོང་སྐུ་ ཞི་ཁྲོ་དམ་པ་རིགས་བརྒྱའི་ལྷ་ཚོགས་ ཨྱོན་གུ་རུ་རིན་པོ་ཆེ་དང་ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་༢ གསུང་གྲོས་མཛད་པའི་བརྡ་ལམ་ སྲིན་པོའི་དོན་ཧིང་ གནས་ཀྱི་ལྡེ་མིག་ ནིའུ་ལིའི་ཁ་ལས་སྐྱུག་མི་ནོར་བུ་ དུང་དཀར་གཡས་འཁྱིལ་ གུ་རུའི་ཞབས་ལྷམ་ སྡིག་པ་བཤགས་ནིའི་གནས་རྡོ་ རྡོའི་གཏོརམ་དང་ སྐུ་རང་བྱོན་ གུ་རུའི་སྤྱན་གཡས་པ་ གཏེར་ལུ་སྦས་པ་ མཁའ་འགྲོའི་སྒྲུབ་ཁང་ བདུདམོ་གི་དོན་ཧིང་ མཁའ་འགྲོའི་དབུ་ཞྭ་ རིགས་ལྔའི་དབུ་ཞྭ་ གུ་རུའི་ཕྱག་འཁར་བཙུགས་ཤུལ་ རྡོ་རྗེ་ཕག་མོའི་ཞབས་རྗེས་ རྡོ་རང་བྱོན་གྱི་ མཆོད་ཏིང་དང་ འབུལ་བ་གཞན་གྱི་རིགས་ མ་འདྲཝ་ལེ་ཤ་ མཇལ་ནི་ཡོདཔ་མ་ཚད་ རྡོ་ཚུའི་གུ་ལས་ གྲུབ་ཆུ་རང་བཞིན་གྱིས་ བབས་དོ་ཡོད་མི་ཚུ་ཡང་ ཡ་མཚན་ཆེ་ཏོག་ཏོ་སྦེ་ མཇལ་ཚུགས་པས།

གནས་སྒོ་ཅིག་ནང་ལས་ སྒོ་༤ ལུ་ ཁ་དབྱེ་སྟེ་ ཡོད་མི་དེ་ཡང་ འཛམ་གླིང་ནང་ སངས་རྒྱས་ཀྱི་བསྟན་པ་དར་བའི་ རྟགས་མཚན་ལུ་ ཤར་ལུས་འཕགས་པོ་ ལྷོ་འཛམ་བུ་གླིང་ ནུབ་བ་གླང་སྤྱོད་ བྱང་སྒྲ་མི་སྙན་གྱི་སྒོ་ཨིནམ་སྦེ་ བཤད་སྲོལ་ཡོདཔ་ད་ གནས་སྒོ་༤ ལས་གཅིགཔོ་དེ་ སི་ཀིམ་ལུ་ཡོད་པའི་ མཁའ་འགྲོ་བསངས་ཕུག་ལུ་ མཇུག་བསྡུ་དོ་ཡོདཔ་བཞིན་དུ་ གཞན་མི་གཅིགཔོ་དེ་ བསམ་རྩེ་དང་ ཕུན་ཚོགས་གླིང་བར་ནའི་ ཨ་མོ་ཆུའི་ སྦོ་ལོགས་ཁར་ ཁ་ཕྱེ་དོ་ཡོདཔ་སྦེ་ སླབ་སྲོལ་ཡོདཔ་ད་ རོང་རྩེ་གནས་ལུ་ གནས་རི་༣ ཟེར་ སླབ་མི་དེ་ གུ་རུའི་གནས་ སྐུ་ གསུང་ ཐུགས་ ཡོན་ཏན་ འཕྲིན་ལས་ཀྱི་གནས་ཟེར་༥ ཡོད་མི་ལས་ ཐུགས་ ཡོན་ཏན་དང་ འཕྲིན་ལས་ཀྱི་གནས་༣ དེ་ རོང་རྩེ་གནས་དེ་ནང་ ཡོད་མི་ལུ་བརྟེན་ཨིན་པས།

རོང་རྩེ་གནས་རི་༣ གྱི་སྐོར་ལས་ དད་མོས་ཅན་ཚུ་གིས་ རྒྱས་པར་སྦེ་ མཁྱེན་འདོད་ཡོད་པ་ཅིན་ རྗེ་མཁན་ཁྲི་རབས་༦༩ པ་ ཞིང་གཤེགས་སྐྱབས་རྗེ་ དགེ་འདུན་རིན་ཆེན་མཆོག་གིས་ མཛད་གནང་མི་ ལྷོ་འབྲུག་ཆོས་འབྱུང་དང་ ཨྱོན་གུ་རུ་རིན་པོ་ཆེའི་ པདྨ་ཐང་ཡིག་ཚུ་ནང་ཡང་ ཡོད་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག།

About admin

Check Also

ནད་གཞི་ཀེན་སར་འཛིན་སྐྱོང་གི་ ཐབས་ལམ་གཅིག་མཚུངས་ བཟོ་དགོ་པའི་ཞུ་བསྐུལ།

༉ འབྲུག་རྒྱལ་ཁབ་ནང་ ནད་གཞི་ཀེན་སར་ཚུ་གི་གྲས་ལས་ ཕོཝ་གི་ཀེན་སར་དེ་ ཁྱབ་ཆེ་དྲགས་ཡོད་པའི་ ངོས་འཛིན་བྱུང་ཡི་ཟེར་ ཀེན་སར་ཚོགས་སྡེ་གིས་ བཀོདཔ་ཨིན་པས། དེ་ཡང་ སྤྱི་ཟླ་༡༢ པའི་ཚེས་༡༤ ལུ་ ཤར་ལྷོ་ཨེ་ཤི་ཡ་ སཱག་ལུང་ཕྱོགས་ཀྱི་ རྒྱལ་སྤྱི་ཀེན་སེར་ཞལ་འཛོམས་ …

Leave a Reply

Your email address will not be published. Required fields are marked *