སག་སྟེང་དང་ ཨ་རུ་ན་ཅཱལ་ པར་དེཤི་གི་བར་ན་ གླིང་ས་ལ་ལུ་ འབྲེལ་ཡོད་འགོ་དཔོན་ཚུ་གིས་ ས་མཚམས་སྲུང་པའི་བསྒང་།

བྱང་ཤར་ས་མཚམས་བདའ་སྟེ་ ནད་ཡམས་སྔོན་འགོག་གི་ ཐབས་ལམ་སྣ་ཚོགས་བཏོན་དོ་ཡོདཔ།

༉ དུས་ཚོད་འ་ནེམ་ཅིག་ཁར་ བཀྲིས་སྒང་མེ་རག་དང་ སག་སྟེང་གི་མི་སེར་ཚུ་ ནོར་དང་གཅིག་ཁར་ ས་མཚམས་ཕྱི་ཁར་སྡོད་དོ་ཡོད་རུང་ ད་རེས་ མང་ཤོས་ཅིག་ར་ ལོག་རྒྱལ་ཁབ་ནང་ འོང་སྡོད་ནུག།
དེ་ཡང་ གུང་པ་༣༠ དེ་ཅིག་གིས་ རྫོང་ཁག་དང་ རྒེད་འོག་བདག་སྐྱོང་གིས་ ཀོ་རོ་ན་བའེ་རཱསི་ནད་ཡམས་ལས་ སྔོན་འགོག་འབད་ནི་དང་ བཟའ་ཚང་གི་ཉེན་སྲུང་དོན་ལུ་ ལོག་འོང་དགོ་པའི་སྐོར་ལས་ བརྡ་སླབ་པའི་ཤུལ་ལུ་ རྒྱ་གར་ཨ་རུ་ན་ཅཱལ་པར་དེཤི་དང་ འབྲུག་གི་བར་ན་ཡོད་པའི་ས་མཚམས་ གླིང་ང་ལ་བརྒྱུད་དེ་ འོང་ཡོདཔ་ཨིན་པས།
ད་རེས་ནངས་པར་ རྒྱ་གར་ལས་ ནད་ཡམས་བཀག་ཐབས་དོན་ལུ་ ས་མཚམས་ཀྱི་འཛུལ་སྒོ་ཚུ་ དམ་དམ་སྦེ་ར་ ལྟ་རྟོག་འབད་མི་དང་འབྲེལ་ ཤར་བྱང་ས་མཚམས་ཚུ་ཡང་ ལྟ་རྟོག་འབད་བཞིན་དུ་ཡོདཔ་ཨིན་པས།
མེ་རག་དང་ སག་སྟེང་རྒེད་འོག་ལས་ རྒྱ་གར་གྱི་མངའ་སྡེ་ ཨ་རུ་ན་ཅཱལ་ པར་དེཤི་ལུ་འགྱོ་ནིའི་དོན་ལུ་ འཛུལ་སྒོ་༧ དེ་ཅིག་ཡོདཔ་ད་ མེ་རག་ལས་འབད་བ་ཅིན་ ཁེངས་སྟེང་དང་ ཁྱི་ལས་ཕུག་ དེ་ལས་ དོམ་པ་ཟོར་ཚུ་ཨིནམ་ད་ སག་སྟེང་ལུ་འབད་བ་ཅིན་ གླིང་ས་ལ་དང་ བྱང་སྤུན་གསུམ་ དེ་ལས་ རྡོར་ལུང་དང་ བཟང་གག་ཚུ་ཨིན་པས།
མེ་རག་གི་ མི་སེར་ཚུ་གིས་ ཉིན་གྲངས་༢ དེ་ཅིག་འགོར་མི་ ས་མཚམས་ཀྱི་འཛུལ་སྒོ་ ཁེངས་སྟེང་དང་ དོམ་པ་ཟོར་ལུ་ ད་རེས་ནངས་པར་ ཁཝ་རྐྱབ་ཡོདཔ་ལས་ ཕར་ཚུར་རྒྱུན་འབྲེལ་འཐབ་མ་ཚུགས་ནི་དེ་གིས་ ནད་ཡམས་སྤེལ་ནི་ལས་ བཀག་ཐབས་འབད་ཚུགས་ནི་ཨིན་པས།
འཛུལ་སྒོ་ཁྱི་ལེགས་ཕུག་གི་ཐད་ཁར་ ཕར་ཚུར་རྒྱུན་འབྲེལ་འཐབ་ཚུགས་དོ་ཡོདཔ་ལས་ འཛུལ་སྒོ་ནང་ དུས་རྒྱུན་དུ་ ལྟ་རྟོག་འབད་མི་ ས་གནས་ཀྱི་ཚོགས་པ་དང་ ས་གནས་ཀྱི་མི་༡ ཡོདཔ་ཨིན་པས།
བཀྲིས་སྒང་རྫོང་བདག་ ཆོས་སྐྱིད་རྒྱལ་མཚན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ ས་མཚམས་ཕྱི་ཁར་ ནོར་དང་གཅིག་ཁར་ སག་སྟེང་ལས་ གུང་པ་༡༢ དང་ མེ་རག་ལས་༡༩ སྡོད་ནུག་ཟེར་ཨིནམ་ད་ རྫོང་ཁག་དང་ རྒེད་འོག་གིས་ཁོང་ མང་ཤོས་ཅིག་ ལོག་འོང་བཅུག་རུང་ ཁཝ་གིས་ལམ་མ་ཐལཝ་ལས་ གུང་པ་༡ ཐོགས་ལུས་ཏེ་ཡོད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ གུང་པ་དེ་དང་ འབྲེལ་བ་འཐབ་ནིའི་དོན་ལུ་ རྒྱུན་ལམ་བདའ་མི་ཟུན་དོ་ཡོདཔ་ད་ ཁོང་སྡོད་ས་དེ་ ས་མཚམས་ཕྱི་ཁར་ཨིན་རུང་ ཨ་རུ་ན་ཅཱལ་ པར་དེཤི་གི་ས་གནས་ལས་ སོ་སོར་སྦེ་ཡོད་པའི་ སྙན་ཞུ་འདུག་ཟེར་ཨིན་པས།
སག་སྟེང་རྒེད་འོག་ལས་ ཨ་རུ་ན་ཅཱལ་ པར་དེཤི་ལུ་ རྒྱུན་འགྲུལ་འཐབ་སའི་ འཛུལ་སྒོ་༤ ཡོད་མི་དེ་ཡང་ བྱང་སྤུན་གསུམ་དང་ རྡོར་ལུང་ དེ་ལས་ བཟང་གག་འཛུལ་སྒོ་༣ ཁཝ་གིས་ བསུབ་བཞག་ཡོདཔ་ལས་ རྒྱུན་འགྲུལ་འཐབ་ས་མེད་པའི་ཁར་ སག་སྟེང་ལས་ཡང་ ད་རེས་ནངས་པར་ འཛུལ་སྒོ་༡ ལས་ རྒྱུན་འགྲུལ་འཐབ་ཚུགས་དོ་ཡོདཔ་ཨིན་པས།
འཛུལ་སྒོ་དང་ ལམ་མང་ཤོས་ར་ ཁཝ་གིས་ བསུབས་ཡོདཔ་ལས་ གལ་སྲིད་ ལ་མཐོ་སར་སྡོད་མི་དང་ རྒྱ་གར་གྱི་མི་ཚུ་གིས་ འགྲོ་འགྲུལ་འཐབ་ནིའི་དཔའ་བཅམ་རུང་ ཁཝ་གིས་མི་ཐལ་ནི་མས་ཟེར་ རྫོང་བདག་གིས་ བཤད་པའི་ཁར་ གླིང་ས་ལས་འབད་བ་ཅིན་ འཛུལ་སྒོ་སྲུང་མི་ཚུ་ བཙུགས་ཏེ་ཡོད་ཟེར་ཨིན་པས།
རྫོང་བདག་གིས་ སླབ་མིའི་ནང་ སག་སྟེང་ལུ་ཡོད་པའི་ ས་མཚམས་འཛུལ་སྒོ་༤ པོ་ཆ་རའི་ནང་ ལྟ་རྟོག་འབད་མི་སྡེ་ཚན་༤ བཙུགས་ཏེ་ཡོད་ཟེར་ཨིནམ་ད་ ཨིན་རུང་ ས་མཚམས་༣ ཁཝ་གིས་ལམ་མ་ཐལ་བར་ཡོདཔ་ལས་ སྡེ་ཚན་གཞན་མི་ཡང་ འཛུལ་སའི་ས་ཁོངས་ གླིང་ས་ལ་ལུ་ བསྐོར་རྒྱབ་སྦེ་ ལྟ་རྟོག་འབད་དེ་ཡོད་ཟེར་ཨིན་པས།
སག་སྟེང་ལས་ གླིང་ས་ལ་ཟེར་སར་ ལ་མཐོ་སར་སྡོད་མི་ཚུ་གིས་ དུས་ཡུན་ཆུ་ཚོད་༣ དང་༤ དེ་ཅིག་ འགོར་དོ་ཡོདཔ་ད་ གཞན་མི་ ས་མཚམས་ཀྱི་འཛུལ་སྒོ་ བྱང་སྤུན་གསུམ་དང་ རྡོར་ལུང་ དེ་ལས་ བཟང་གག་གི་ས་ཁོངས་ནང་ལྷོད་ལྷོད་ ཉིནམ་༡ དེ་ཅིག་འགོར་དོ་ཡོདཔ་ཨིན་པས།

སག་སྟེང་དང་ ཨ་རུ་ན་ཅཱལ་ པར་དེཤི་གི་ ས་མཚམས་ལྟ་རྟོག་འབད་བར་ འགྱོ་བའི་བསྒང་།

མི་སེར་ཚུ་ལུ་ ས་མཚམས་ཕྱི་ཁར་ འགྱོ་མ་ཆོག་པའི་སྐོར་ལས་ ས་གནས་གཞུང་དང་ འགོ་དཔོན་ཚུ་གིས་ སླབ་ཡོད་པའི་ཁར་ གལ་སྲིད་ ས་མཚམས་ཕྱི་ཁར་འགྱོ་རུང་ རྒྱ་གར་རྒྱལ་ཁབ་ཀྱི་ འཛུལ་སྒོ་ཚུ་ནང་ ལྟ་རྟོག་དམ་དམ་འབད་དོ་ཡོདཔ་ལས་ དེ་གིས་ར་ བཀག་ཚུགས་པས་ རྫོང་བདག་གིས་ བཤདཔ་ཨིན་པས།
ད་རེས་ནངས་པར་ ལ་མཐོ་སར་སྡོད་མི་ཚུ་ ནོར་དང་གཅིག་ཁར་ རྒྱལ་ཁབ་ཀྱི་ ས་མཚམས་ནང་འཁོད་ཡོདཔ་ད་ ཨ་རྟག་ག་ཨིནམ་སྦེ་ ལ་ནོར་ལུ་བརྟེན་ འཚོ་བ་སྐྱོང་སྟེ་ཡོདཔ་ད་ འཛུལ་སྒོ་ཚུ་ནང་ ཉིན་ནུབ་མེད་པར་ ལྟ་རྟོག་འབད་དོ་ཡོདཔ་ཨིན་པས།
སག་སྟེང་ གླིང་ས་ལ་ལུ་འབད་བ་ཅིན་ ཁོང་སྡེ་ཚན་༤ ལས་ སྡེ་ཚན་༡ གིས་ ལྟ་རྟོག་འབད་སྡོདཔ་ད་༣ ངལ་གསོ་སྦེ་སྡོད་དོ་ཡོདཔ་ད་ སྡེ་ཚན་ཚུ་གིས་ ཞག་༢ དང་ ཉིནམ་༢ ལྟ་རྟོག་འབད་དེ་ ལོག་འོང་དོ་ཡོདཔ་ཨིན་པས།
གལ་སྲིད་ བཀྲིས་སྒང་ལུ་ ནད་ཡམས་ཐོབ་མི་ ག་ཏེ་ལས་འཐོན་རུང་ གྲ་སྒྲིག་ཚུད་དེ་ཡོད་ཟེར་ རྫོང་བདག་གིས་ བཤད་པའི་ཁར་ གྲ་སྒྲིག་མ་བཏུབ་བཏུབ་སྦེ་ ཚུད་དེ་ཡོད་ཟེར་ ཨིན་པས།
བཀྲིས་གཡང་རྩེ་ལུ་འབད་བ་ཅིན་ རྒེད་འོག་༣ གྱི་ ས་གནས་ཁག་ཚུ་དང་ ས་མཚམས་མཐུད་དེ་ཡོདཔ་ད་ ཨ་རུ་ན་ཅཱལ་ པར་དེཤི་དང་གཅིག་ཁར་ སྟོད་ཚོ་རྒེད་འོག་ བྱག་ཕུག་རྩེ་དང་ ཡ་ལང་རྒེད་འོག་སྡུག་སྟེ་༢ ཨིནམ་ད་ འབུམ་སྡེ་གླིང་རྒེད་འོག་གི་ ས་གནས་ཤིང་འཕེལ་དེ་ རྒྱ་ནག་དང་གཅིག་ཁར་ ས་མཚམས་མཐུད་དེ་ཡོདཔ་ཨིན་པས།
བྱང་ཕུག་རྩེ་ལས་ ས་མཚམས་ཁར་ དུས་ཡུན་སྐར་མ་༣༠ དེ་ཅིག་དང་ ཡ་ལང་རྒེད་འོག་ སྡུག་སྟེ་ལས་ དུས་ཡུན་ཆུ་ཚོད་༡ ལྷགཔ་ཅིག་ལུ་ རྒྱ་གར་གྱི་ ས་མཚམས་ཁར་ ལྷོད་དོ་ཡོདཔ་ཨིན་པས།
བཀྲིས་གཡང་རྩེ་ལུ་ཡོད་པའི་ ས་མཚམས་འཛུལ་སྒོ་ཚུ་ནང་ གཏན་འཇགས་ཀྱི་ ཁྲིམས་སྲུང་འགག་པ་ཚུ་ བཙུགས་ཏེ་ཡོད་པའི་ཁར་ ལྟ་རྟོག་ཡང་ དམ་དམ་འབད་བཞིན་དུ་ཡོད་ཟེར་ བཀྲིས་གཡང་རྩེའི་རྫོང་བདག་ ཐུགས་རྗེ་ཚེ་རིང་གིས་ བཤད་པའི་ཁར་ འགོ་དཔོན་དང་ ས་གནས་ཀྱི་འགོ་དཔོན་ དེ་ལས་ མི་སེར་ཚུ་དང་ གྲོས་བསྟུན་ཐོག་ལས་ར་ ལཱ་འབད་དེ་ཡོད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ས་མཚམས་ཁར་ སྡོད་མི་ཚུ་དང་ཕྱད་དེ་ ནད་ཡམས་སྔོན་འགོག་གི་ གོ་བ་བརྡ་སྤྲོད་དང་ ཉེན་ཁ་ཡོད་ལུགས་ཚུ་ ཁ་གསལ་སྦེ་ར་ བཤད་བྱིན་ཡི་ཟེར་ཨིནམ་ད་ ས་གནས་ཀྱི་འགོ་ཁྲིདཔ་ཚུ་ལུ་ འགན་འཁྲི་ཧྲིལ་བུམ་ སྤྲོད་དེ་ཡོད་ཟེར་ ཨིན་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། བཀྲིས་སྒང་།

 

About admin

Check Also

འབྲུག་གིས་ འཛམ་གླིང་སྤྱི་ཚོགས་ཀྱི་གོ་སྐབས་ཚུ་ འདྲ་མཉམ་ཐོབ་སྟེ་ཡོདཔ།

༉ འདས་པའི་ལོ་ངོ་༧༥ འི་རིང་ བཟའ་ཚང་ས་ཡ་ལས་བཅད་མི་ཚུ་ དབུལ་ཕོངས་དང་ འཐབ་འཛིང་ དེ་ལས་ དཀའ་ངལ་ཚུ་ནང་ལས་ བཏོན་ཚུགས་ཡོདཔ་མ་ཚད་ ས་གནས་ཀྱི་ཆགས་ཚུལ་དང་ རྒྱལ་ཁབ་ཀྱི་ཆེ་ཆུང་གི་ཁྱད་པར་ ག་དེ་སྦེ་ར་ཡོད་རུང་ འཛམ་གླིང་གི་ འཐུས་མི་ཅིག་ཨིན་མི་དང་འཁྲིལ་ འབྲུག་གིས་ …

Leave a Reply

Your email address will not be published. Required fields are marked *