འབྲུག་ཕུན་སུམ་ཚོགས་པའི་གཙོ་འཛིན་ པདྨ་རྒྱ་མཚོ་ སྟང་སློབ་གྲྭ་ལྟེ་བའི་ནང་ ཚོགས་རྒྱན་བཙུགས་པར་ འགྱོ་བའི་བསྒང་།

བྱ་ཁྲུང་ཁྲུང་གིས་ ནན་བསྐྱར་དུ་ བུམ་ཐང་ལས་ རྒྱབ་སྐྱོར་ཐོབ་ཡོདཔ།

༉ བུམ་ཐང་རྫོང་ཁག་ ཆོས་འཁོར་-སྟང་འདེམས་ཁོངས་ཀྱིས་ སྤྱི་ལོ་༢༠༠༨ ལས་ཚུར་ བྱ་ཁྲུང་ཁྲུང་ལུ་ ཐ་དམ་ཚིག་བཟུང་མི་དེ་ཉམས་མེད་ཐོག་ གནས་ཡོདཔ་བཞིན་དུ་ ཁ་ཙ་ འགོ་ཐོག་བཙག་འཐུ་སྐབས་ འབྲུག་ཕུན་སུམ་ཚོགས་པ་གིས་ ཆུ་སྨད་-ཨུ་ར་འདེམས་ཁྲི་དེ་ ལོག་སྟེ་ར་ ཐོབ་ཚུགས་ཅི།

དེ་ཡང་ འབྲུག་ཕུན་སུམ་ཚོགས་པ་གིས་ ཚོགས་པའི་གཙོ་འཛིན་ པདྨ་རྒྱ་མཚོའི་འདེམས་ཁོངས་ ཆོས་འཁོར་-སྟང་ལས་ རྒྱལ་ཁ་སྦོམ་སྦེ་ར་ ཐོབ་ཡོདཔ་ད་ ཚོགས་པ་གིས་ ཚོགས་རྒྱན་བསྡོམས་༢,༥༤༠ ཐོབ་ཅི།

དོ་འགྲན་འབད་མི་ མི་སེར་དམངས་གཙོ་ཚོགས་པ་གིས་ ཚོགས་རྒྱན་༡,༠༤༨ དང་ འབྲུག་མཉམ་རུབ་ཚོགས་པ་གིས་ ཚོགས་རྒྱན་༩༢༡ འབྲུག་ཀུན་མཉམ་ཚོགས་པ་གིས་ ཚོགས་རྒྱན་༢༣༧ ཐོབ་ནུག།

ཆུ་སྨད་-ཨུ་ར་འདེམས་ཁོངས་ནང་ ཁྲུང་ཁྲུང་གིས་ ཚོགས་རྒྱན་༧༤ གིས་ རྒྱལ་ཁ་ཐོབ་མི་དེ་ཡང་ འགྲེམ་ཐོག་ཚོགས་རྒྱན་ཚུ་གིས་ ཁྱད་པར་བཟོ་ཡོདཔ་ད་ ཚོགས་རྒྱན་བསྡོམས་༩༦༨ ཐོབ་ཡོདཔ་བཞིན་དུ་ རྟ་གིས་ ཚོགས་རྒྱན་༨༩༤ དང་ ཁམ་ཤིང་མེ་ཏོག་གིས་ ཚོགས་རྒྱན་༦༩༩ དེ་ལས་ འབྲུག་ཀུན་མཉམ་ཚོགས་པ་གིས་ ཚོགས་རྒྱན་༢༣༥ རྐྱངམ་གཅིག་ཐོབ་ནུག།

དེ་འབདཝ་ད་ མི་སེར་དམངས་གཙོ་ཚོགས་པ་གིས་ འཕྲུལ་ཆས་ཚོགས་རྒྱན་༦༦༠ ཐོབ་སྟེ་ མཐོ་མི་དེ་ཡང་ འབྲུག་ཕུན་སུམ་ཚོགས་པ་གིས་ ཚོགས་རྒྱན་༦༡༢ ལས་ ཐོབ་མ་ཚུགས་པས། ཨིན་རུང་ ཁྲུང་ཁྲུང་གིས་ འགྲེམ་ཐོག་ཚོགས་རྒྱན་༡༢༢ ཐོབ་མི་དེ་ རྟ་དང་ཕྱདཔ་ད་ མངམ་ཨིན་པས།

ཁ་ཙ་ བུམ་ཐང་ལུ་ གནམ་གཤིས་གནས་སྟངས་ ལེགས་ཤོམ་མེད་མི་ལུ་བརྟེན་ ཚོགས་པའི་གཙེོ་འཛིན་དེ་ སྟང་སློབ་གྲྭ་ལྟེ་བའི་ནང་ དྲོ་པ་ཆུ་ཚོད་༩.༣༠ དེ་ཅིག་ཁར་རྐྱངམ་གཅིག་ ཚོགས་རྒྱན་བཙུགས་པར་ལྷོད་ཅི།

ཁེངས་རབ་ཚོགས་རྒྱན་ས་ཁོངས་ནང་ ཕོ་སྐྱེས་གསུམ་ སེམས་ཕམ་དང་བཅསཔ་སྦེ་ ལོག་འགྱོ་དགོཔ་ ཐོན་མི་དེ་ཡང་ མི་རྩིས་ནང་ སྒོམ་ཆེན་སྦེ་ མིང་ཐོག་བཀོད་དེ་ཡོད་མི་ལུ་བརྟེན་ཨིན་པས།

ང་བཅས་ཀྱིས་ རྒྱལ་ཡོངས་ཚོགས་སྡེ་དང་ ས་གནས་གཞུང་གི་བཙག་འཐུ་ནང་ ཚོགས་རྒྱན་བཙུགས་ཅི་ཟེར་ སྐྱེས་ལོ་༤༣ ལང་མི་ བཀྲིས་ཕུན་ཚོགས་ཀྱིས་ བཤདཔ་ཨིན་པས།

དགེ་སློང་ཨིན་མི་ ཕུན་ཚོགས་དབང་འདུས་ཀྱིས་ སླབ་མིའི་ནང་ མ་གཞི་ ཁོ་ལུ་ ཚོགས་རྒྱན་བཙུགས་ནི་གི་ དབང་ཚད་མེད་རུང་ འགོ་ཐོག་བཙག་འཐུ་ཚུ་ དཀའ་ངལ་ག་ནི་ཡང་མེད་པར་ འགོ་འདྲེན་འཐབ་ཚུགསཔ་ལས་ སེམས་དགའ་ཡི་ཟེར་ཨིན་པས།

བུམ་ཐང་རྫོང་ཁག་གིས་ འགྲེམ་ཐོག་ཚོགས་རྒྱན་༩༤༨ ཐོབ་ཡོད་མི་ལས་༩༣༤ ཚོགས་རྒྱན་གྱི་ཉིན་མར་ གྱངས་ཁ་རྐྱབ་ནིའི་དོན་ལུ་ ངོས་ལེན་འབད་ཡོདཔ་ཨིན་པས།

འགྲེམ་ཐོག་ཚོགས་རྒྱན་བརྩིས་ཏེ་ བུམ་ཐང་རྫོང་ཁག་ནང་ ཚོགས་རྒྱན་༧,༥༦༢ བཙུགས་ཡོདཔ་ལས་ ཚོགས་རྒྱན་སྐྱུར་མི་བརྒྱ་ཆ་༧༦.༨ ཐོན་ནུག།

བུམ་ཐང་ལུ་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་བསྡོམས་༩,༨༣༦ ཡོད་མི་ལས་༥,༢༣༢ ཨམ་སྲུ་དང་ གཞན་༤,༦༠༤ དེ་ ཕོ་སྐྱེས་ཨིན་པས།

ཚོགས་རྒྱན་ས་ཁོངས་༡༩ ཡོད་མི་ལས་ དབང་འདུས་ཆོས་གླིང་ལུ་ མི་༡,༠༢༨ ཀྱིས་ ཚོགས་རྒྱན་བཙུགས་མི་དེ་ མཐོ་ཤོས་ཨིནམ་ད་ ཤིང་མཁར་ལུ་ཡོད་མི་ ཚོགས་རྒྱན་ས་ཁོངས་ནང་ ཚོགས་རྒྱན་བཙུགས་མི་༢༢༧ འོང་མི་དེ་ ཉུང་ཤོས་ཨིན་པའི་གནས་ཚུལ།

About admin

Check Also

བསམ་རྩེ་རྫོང་ཁག་ནང་ ཚོགས་རྒྱན་བཙུགས་མི་ ཉུང་སུ་ཅིག་ཨིནམ།

༉ བསམ་རྩེ་རྫོང་ཁག་ནང་ ཁྱད་ཚད་ལྡན་པའི་ཚོགས་རྒྱན་བཙུགས་མི་༤༧,༣༦༠ ཡོད་ས་ལས་ བརྒྱ་ཆ་༦༠.༣ གྱིས་ འགོ་ཐོག་བཙག་འཐུ་ནང་ ཚོགས་རྒྱན་བཙུགས་པར་འོང་མི་དེ་ གྱངས་ཁ་ཉུང་སུ་ཨིནམ་ད་ དེ་ཡང་ ཚོགས་རྒྱན་བཙུགས་མི་ཡོངས་བསྡོམས་ལས་༢༨,༥༦༨ རྐྱངམ་གཅིག་གིས་ ཚོགས་རྒྱན་བཙུགས་ཡོདཔ་ཨིན་པས། རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་དང་ཕྱདཔ་ད་ …

Leave a Reply

Your email address will not be published. Required fields are marked *