བོ་ལི་བཱོལ་ཚོགས་སྡེ་ལུ་ མ་དངུལ་དང་ མཐུན་རྐྱེན་ཚུ་མེད་པའི་གདོང་ལེན།

༉ འབྲུག་བོ་ལི་བཱོལ་ཚོགས་སྡེ་ལུ་ མ་དངུལ་གྱི་ རྒྱབ་སྐྱོར་འབད་མི་མེད་པའི་ཁར་ བོ་ལི་བཱོལ་རྩེད་འགྲན་འབད་མི་ཚུ་ལུ་ སྦྱོང་བརྡར་བྱིན་མ་ཚུགསཔ་ལས་ སྤྱི་ལོ་༢༠༡༩ ལུ་ ལྷོ་ཨེ་ཤི་ཡའི་ བོ་ལི་བཱོལ་རྩེད་འགྲན་ཐེངས་༡༣ པའི་ནང་ བཅའ་མར་གཏོགས་མ་ཚུགས་པས།
རྒྱལ་སྤྱི་འགྲན་བསྡུར་ཚུ་ནང་ དོ་འགྲན་འབད་ནིའི་དོན་ལུ་ འབྲུག་བོ་ལི་བཱོལ་ཚོགས་སྡེ་གིས་ ད་ལྟོ་ཚུན་ཚོད་ རྒྱལ་ཡོངས་རྩེད་འགྲན་པ་ཚུ་ གདམ་འཐུ་འབད་མ་ཚུགས་པར་ཡོདཔ་ད་ ད་ལས་ཕར་ བོ་ལི་བཱོལ་རྩེད་མི་ སྡེ་ཚན་ཁག་ལས་ རྒྱལ་ཡོངས་རྩེད་འདྲེན་པ་ གདམ་འཐུ་འབད་ནི་ཨིན་པས།
སྤྱི་ལོ་༢༠༡༩ ཚུན་ ཚོགས་སྡེ་ནང་ རྒྱལ་ཡོངས་བོ་ལི་བཱོལ་རྩེད་མི་དང་ རྩེད་འགྲན་འབད་མི་ སྡེ་ཚན་གཞན་ག་གིས་ཡང་ རྩེད་འགྲན་འབད་ནི་ལུ་ སྤྲོ་བ་མ་བསྐྱེད་པར་ཡོདཔ་ཨིན་པས།
ཚོགས་སྡེའི་ལས་རིམ་འགོ་དཔོན་ སངས་རྒྱས་བསྟན་པ་གིས་ བཤད་མིའི་ནང་ ན་ཧིང་ སྤྱི་ཟླ་༤ པའི་ནང་ ཚོགས་པ་དེ་གིས་ འགོ་འདྲེན་ཐོག་ལས་ ཐིམ་ཕུག་ལྕང་གླིང་མི་ཐང་གི་ བོ་ལི་བཱོལ་རྩེད་ཐང་ནང་ རྩེད་འགྲན་སྡེ་ཚན་ཁག་༩ གི་ ཁྱད་འཕགས་བོ་ལི་བཱོལ་རྩེད་འགྲན་ནང་ བཅའ་མར་གཏོགས་ཡི་ཟེར་ཨིན་པས།
ལས་རིམ་འགོ་དཔོན་གྱིས་ སྤྱི་ལོ་༢༠༡༩ ཟླཝ་༡༠ ལས་༡༢ ཚུན་ ཐིམ་ཕུག་བོ་ལི་བཱོལ་རྩེད་འགྲན་འབདཝ་ལས་ རྒྱལ་ཡོངས་རྩེད་འགྲན་སྡེ་ཚན་ཚུ་ གདམ་འཐུ་འབད་ཡོདཔ་ད་ བསམ་རྩེ་སྡེ་ཚན་གྱིས་ ཚོགས་པ་ལས་ ཕྱིར་བཏོན་འབད་ཡི་ཟེར་བཤད་ཅི།
ལྷག་ལུས་གཞན་ སྡེ་ཚན་༨ ཡོད་པའི་གྲས་ལས་ སྡེ་ཚན་༦ ཐིམ་ཕུག་རྫོང་ཁག་ནང་འཁོད་ལས་ཨིནམ་ད་ སྡེ་ཚན་གཞན་མི་༢ སྤུ་ན་ཁ་དང་ ཀྲོང་གསར་རྫོང་ཁག་ལས་ཨིན་པས།
ཚོགས་སྡེའི་མི་སྟོབས་སྡེ་ཚན་གྱིས་ སྤྱིར་བཏང་རྩེད་འགྲན་ལས་རིམ་ནང་ རྒྱབ་སྐྱོར་འབད་དོ་ཡོདཔ་ད་ ཚོགས་པ་ནང་ ལས་བྱེདཔ་མ་ལང་རུང་ རྩེད་འགྲན་འབད་མི་ཚུ་གིས་ ཁས་བླངས་ཐོག་ལས་ ཆ་རོགས་འབད་དོ་ཟེར་ ལས་རིམ་འགོ་དཔོན་གྱིས་ བཤད་ཅི།
སངས་རྒྱས་བསྟན་པ་གིས་ ཚོགས་སྡེ་ནང་ ལས་བྱེདཔ་མ་ལང་བའི་ དཀའ་ངལ་སེལ་འཐབ་ལུ་ དུས་ཅིའི་ལོ་ནང་ ཚོང་ལས་འགོ་དཔོན་༡ བཙུགས་ནི་དང་ སྤྱི་ལོ་༢༠༡༨ ལུ་ གཏན་འཇགས་སློབ་སྟོན་པ་༡ ན་ཧིང་ ཟླཝ་༧ པའི་ནང་ སློབ་སྟོན་པ་འོག་མ་ཅིག་ཡང་ བཙུགས་ཏེ་ཡོད་ཟེར་ཨིན་པས།
ཚོགས་སྡེ་ནང་ མ་དངུལ་གྱི་དཀའ་ངལ་ ཐོན་བཞིན་དུ་ཡོདཔ་ད་ སྤྱི་ལོ་༢༠༡༥-༢༠༡༦ ལུ་ དངུལ་ཀྲམ་ས་ཡ་༢.༡༢ ཐོབ་ཡོད་རུང་ ཤུལ་མའི་ འཆར་དངུལ་གྱི་ལོ་ཚུ་ནང་ མར་བབས་སོང་ཡོདཔ་ཨིན་པས།
མ་དངུལ་ཐོབ་མི་ལས་ སློབ་སྟོན་པའི་ཟད་འགྲོ་དང་ འགྲན་བསྡུར་སྐབས་ཀྱི་ཟད་འགྲོ་ དེ་ལས་ ལས་བྱེདཔ་ཚུ་ལུ་ ཟླ་རིམ་དངུལ་ཕོགས་བྱིནམ་ད་ ལང་མ་ཚུགས་པར་ ལཱ་ཁག་བཏངམ་མས་ཟེར་ ལས་རིམ་འགོ་དཔོན་གྱིས་ སླབ་ཨིན་པས།
ལས་རིམ་འགོ་དཔོན་གྱིས་ སླབ་མིའི་ནང་ ད་རེས་ འབྲུག་ཨོ་ལིམ་པིག་ཚོགས་པའི་འོག་ལུ་ ཐིམ་ཕུག་དང་ སྤུ་ན་ཁ་ དེ་ལས་ བཀྲིས་སྒང་རྫོང་ཁག་ཚུ་ནང་ རྩེད་རིགས་ཁང་ཡོད་སའི་ ས་གོ་ཚུ་ནང་ བོ་ལི་བཱོལ་རྩེད་ནིའི་དོན་ལུ་ སྟབས་བདེ་ཏོག་ཏོ་ཡོད་རུང་ འབྲུག་ཨོ་ལིམ་པིག་ཚོགས་པ་གིས་ བོ་ལི་བཱོལ་དེ་ སྣང་མེད་སྐྱུར་བཞག་དོ་བཟུམ་སྦེ་ མཐོངམ་མས་ཟེར་ཨིན་པས།
བོ་ལི་བཱོལ་དེ་ ནང་རྩེད་ཅིག་ཨིན་རུང་ འགྲན་བསྡུར་འབད་ནི་དང་ སློབ་སྦྱོང་པ་ཚུ་ལུ་ སྦྱོང་བརྡར་གྱི་ མཐུན་རྐྱེན་ཚུ་ ག་ནི་ཡང་མེདཔ་ཨིན་པས།
ཚོགས་པའི་འགོ་དཔོན་གྱིས་ སླབ་མིའི་ནང་ ནང་རྩེད་མཐུན་རྐྱེན་ཚུ་ཡོད་པ་ཅིན་ མི་སྟོབས་སྡེ་ཚན་དང་ བོ་ལི་བཱོལ་རྩེད་འགྲན་ཡར་དྲག་གཏང་ནི་ དེ་ལས་ འོང་འབབ་བཟོ་ནིའི་ གོ་སྐབས་ལེགས་ཤོམ་ཅིག་ འོང་ནི་ཨིན་མས་ཟེར་ཨིན་པས།
ཚོགས་པའི་འགོ་དཔོན་གྱིས་ བཤད་མིའི་ནང་ རྩེད་རིགས་ཡར་དྲག་གཏང་ནི་དེ་ དམིགས་གཏད་ངོ་མ་ཅིག་ཨིནམ་ལས་ སྤྱི་ལོ་༢༠༡༩ ཟླ་༤ པའི་ནང་ རྒྱལ་སྤྱི་ཨོ་ལིམ་པིག་ཚོགས་པའི་ རྒྱབ་སྐྱོར་ཐོག་ལས་ བོ་ལི་བཱོལ་ སློབ་སྟོན་ གནས་ཚད་དང་པའི་ནང་ མི་ངོམ་༢༣ གྱིས་བཅའ་མར་གཏོགས་ཡོདཔ་དང་ ན་ཧིང་ ཟླཝ་༡༢ པའི་ནང་ ཨི་རཱན་བོ་ལི་བཱོལ་ཚོགས་སྡེའི་ མི་ངོམ་ཅིག་གིས་ སྦྱོང་བརྡར་ཚུ་ བྱིན་ཡོདཔ་ཨིན་པས།
དུས་ཅི་ ཟླཝ་༢ པའི་ཚེས་༢༩ ལས་ ཐིམ་ཕུག་རྫོང་ཁག་ནང་ རྒྱལ་ཡོངས་བོ་ལི་བཱོལ་འགྲན་བསྡུར་ འགོ་འདྲེན་འཐབ་ནི་ ཨིན་པའི་གནས་ཚུལ།

ཚེ་རིང་ནོར་བུ།

 

About admin

Check Also

སྤྱི་ཟླ་༦ པའི་ནང་ བདེན་མཆིས་རྫོང་ གསར་བཞེངས་ཀྱི་ལཱ་ ཡོངས་རྫོགས་མཇུག་བསྡུ་ནི།

༉ པདྨ་དགའ་ཚལ་ བདེན་མཆིས་རྫོང་ གསར་བཞེངས་འབད་ནི་ འགོ་བཙུགས་ཏེ་ ལོ་༥ དེ་ཅིག་གི་རྒྱབ་ལས་ ད་རིས་ཀྱི་ཟླཝ་ནང་ བསྒྲུབ་ནི་ཨིན་པས། དེ་ཡང་ དབུ་རྩེ་མ་གཏོགས་ བཟོ་བཀོད་གཞན་ཚུ་ལུ་ ཚོན་བཏང་ཚར་ཡོདཔ་མ་ཚད་ རྫོང་ནང་ན་ཡིག་ཚང་ཚུ་ གཞི་བཙུགས་འབད་ནིའི་དོན་ལུ་ …

Leave a Reply

Your email address will not be published. Required fields are marked *