ཨ་མཱན་ཀོ་ར་དང་ སྟངས་ཡུ་ནའེ་ཊེཌ་སྡེ་ཚན་༢ ཀྱི་བར་ན་ མཐའ་བཅད་རྩེད་འགྲན་འབད་བའི་བསྒང་།

བུམ་ཐང་ལུ་ ལོ་ན་རྒས་ཤོས་ཀྱི་ ཕུཊ་བཱོལ་རྩེད་འགྲན་ནང་ སྟངས་ཡུ་ནའེ་ཊེཌ་གིས་ རྒྱལ་ཁ་ཐོབ་ཡོདཔ།

༉ བུམ་ཐང་རྩེད་རིགས་ཚོགས་པ་གིས་ ལོ་ན་རྒས་ཤོས་ཚུ་གི་དོན་ལུ་ ཕུཊ་བཱོལ་རྩེད་འགྲན་ཐེངས་༢ པ་ འགོ་འདྲེན་འཐབ་ཡོད་པའི་ མཐའ་བཅད་འགྲན་བསྡུར་ནང་ སྟངས་ཡུ་ནའེ་ཊེཌ་གིས་ རྒྱལ་ཁ་ཐོབ་ཅི།
དེ་ཡང་ བདུན་ཕྲག་༡ གི་རིང་ འགོ་འདྲན་འཐབ་མི་ འགྲན་བསྡུར་དེ་ནང་ སྡེ་ཚན་༦ གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ སྤྱི་ཟླ་༥ པའི་ཚེས་༢༦ ལུ་ ཨ་མཱན་ཀོ་ར་དང་ སྟངས་ཡུ་ནའེ་ཊེཌ་སྡེ་ཚན་༢ ཀྱི་བར་ན་ མཐའ་བཅད་རྩེད་འགྲན་འབདཝ་ད་ སྟངས་ཡུ་ནའེ་ཊེཌ་གིས་ གཱོལ་༤ བཙུགས་ཏེ་ རྒྱལ་ཁ་ཐོབ་ཡོདཔ་ད་ ཨ་མཱན་ཀོ་ར་གིས་ གཱོལ་༢ ལས་བརྒལ་ བཙུགས་མ་ཚུགས།
རྒྱལ་ཁ་ཐོབ་མི་སྡེ་ཚན་གྱིས རྒྱལ་རྟགས་དང་གཅིག་ཁར་ དངུལ་ཀྲམ་༢༠,༠༠༠ ཐོབ་ཡོདཔ་ད་ ཨང་༢ པ་ལུ་ རྒྱལ་རྟགས་གཅིག་ཁར་ དངུལ་ཀྲམ་༡༤,༠༠༠ ཐོབ་ཅི།
བུམ་ཐང་རྩེད་རིགས་ཚོགས་པའི་ཁྲི་འཛིན་ རྫོང་བདག་པ་སངས་རྡོ་རྗེ་གིས་ སླབ་མིའི་ནང་ ལོ་ན་རྒས་ཤོས་ཚུ་གི་དོན་ལུ་ རྩེད་འགྲན་འགོ་འདྲེན་འཐབ་དགོ་མི་དེ་ཡང་ ཡིག་ཚང་གི་ དུས་ཚོད་རྫོགས་ཞིནམ་ལས་ སྤྲོ་སྟོན་ལས་རིམ་ཚུ་ ག་ནི་ཡང་མེད་མི་ལུ་བརྟེན་ཨིན་ཟེར་ཨིནམ་ད་ གཅིག་ ལུས་སྦྱོང་འབད་དགོཔ་གལ་ཆེ་བའི་ཁར་ མ་འབུ་བའི་ནད་གཞི་ཚུ་ བཀག་ཐབས་འབད་ནིའི་དོན་ལུ་ཨིན་ཟེར་ ཨིན་པས།
རྩེད་འགྲན་ནང་ སྐྱེས་ལོ་༣༠ ཡན་ཆད་འབད་མི་ཚུ་གིས་ བཅའ་མར་གཏོགས་ཡོདཔ་ད་ རྒས་ཤོས་ར་ སྐྱེས་ལོ་༦༨ འབད་མི་ཅིག་གིས་ བཅའ་མར་གཏོགས་འབད་ཡོདཔ་ཨིན་པས།
རྩེད་རིགས་ཚོགས་པ་གིས་ མ་འོངས་པ་ལུ་ རྒས་གཞོན་ག་ར་གིས་ བཅའ་མར་གཏོགས་ཆོག་པའི་ ཕུཊ་བཱོལ་རྩེད་འགྲན་ཅིག་ འགོ་འདྲེན་འཐབ་ནིའི་འཆར་གཞི་ཡོད་ཟེར་ ཨིན་པའི་གནས་ཚུལ།

ཉིམ་རྡོ་རྗེ། བུམ་ཐང།

About admin

Check Also

བཀྲིས་གཡང་རྩེའི་ མི་སེར་ཚུ་གིས་ སྒོ་ནོར་གསོ་སྐྱོང་འབད་ནི་ལུ་ སྤྲོ་བ་བསྐྱེད་དོ་ཡོདཔ།

༉ བཀྲིས་གཡང་རྩེ་ཁྲོམ་ཁར་ ཨོ་ཆས་བཙོང་སའི་ཁང་མིག་ནང་ དྲོ་པ་ལས་ར་ ཨོམ་དང་མར་ དར་ཚིལ་ ཞོ་གིས་ གང་སར་མཐོངམ་ཨིནམ་པས། དེ་ཡང་ བཀྲིས་གཡང་རྩེའི་མི་ཚུ་གིས་ སྒོ་ནོར་ལེགས་ཤོམ་སྦེ་ གསོ་སྐྱོང་འཐབ་དོ་ཡོད་པའི་ རྟགས་མཚན་ཨིནམ་མ་ཚད་ སྒོ་ནོར་གྱི་ཐོན་སྐྱེད་ཡར་དྲག་སོང་ཡོད་པའི་ རྟགས་མཚན་ཅིག་ཡང་ …

Leave a Reply

Your email address will not be published. Required fields are marked *