བུམ་ཐང་དང་ ཀྲོང་གསར་ལུ་ ནད་ཡམས་ཐོབ་མི་དང་ ཐད་ཀར་འབྲེལ་བ་ འཐབ་མི་ཚུ་ ཟུར་བཞག་ཡོདཔ།

༉ ཀྲོང་གསར་རྫོང་ཁག་གི་ ཟུར་བཞག་ལྟེ་བའི་ནང་ དགེ་ལེགས་ཕུག་ལུ་ ནད་ཡམས་ཀོ་བིཌ་༡༩ ཐོབ་ཡོདཔ་སྦེ་ བདའ་ཟུན་མི་ཨམ་སྲུ་དེ་དང་ ཐད་ཀར་དུ་ འབྲེལ་བ་འཐབ་མི་ ཨམ་སྲུ་༡ དང་ མོ་རའི་ཨ་ལོ་ དེ་ལས་ ཀྲོང་གསར་ལུ་ ཨམ་སྲུ་ཅིག་དང་ མོ་རའི་ཨ་ལོ་ཚུ་ ཟུར་བཞག་ཡོདཔ་ཨིན་པས།

དགེ་ལེགས་ཕུག་ལས་ཨིན་མི་ ཨམ་སྲུ་དེ་ སྤྱི་ཟླ་༧ པའི་ཚེས་༣༡ ལུ་ ཀྲོང་གསར་ལུ་འོང་ཡོདཔ་ད་ ཀྲོང་གསར་ལུ་ མ་འོང་པའི་ཧེ་མར་ དགེ་ལེགས་ཕུག་ལུ་ ནད་ཡམས་ཀོ་བིཌ་༡༩ ཐོབ་ཡོད་པའི་ ཨམ་སྲུ་དེ་དང་ འབྲེལ་བ་འཐབ་ཡོདཔ་ཨིན་པས།

ཨམ་སྲུ་དེ་ ཀྲོང་གསར་ལུ་ སྤྱི་ཟླ་༨ པའི་ཚེས་༧ ཚུན་སྡོད་ཡོདཔ་ད་ དེ་ལས་ མོ་རའི་ཨ་ལོ་དང་ ནུམོ་གཅིག་ཁར་ བུམ་ཐང་ལུ་སོང་བའི་ཤུལ་ལས་ ཟླ་༨ པའི་ཚེས་༡༠ ལུ་ ལོག་ཀྲོང་གསར་ལུ་ འོང་ཡོདཔ་ད་ དེ་ཚེ་ཕྱི་རུ་ མོ་རའི་ཆ་རོགས་༡ དང་ ཨ་ལོ་གཅིག་ཁར་ ཟ་ཁང་ཅིག་ནང་ སྡོད་ཡོདཔ་ཨིན་པས།

མོ་ལུ་ པི་ཊི་ཇི་གི་ བརྟག་དཔྱད་འབད་བའི་སྐབས་ ནད་གཞི་མེདཔ་སྦེ་ ཐོན་ཡོདཔ་ཨིན་རུང་ ཁྲག་གི་དཔེ་ཚད་དེ་ རྒྱལ་འཛིན་ནད་རིགས་བཀག་ཐབས་ལྟེ་བའི་ནང་ བརྟག་དཔྱད་ཀྱི་དོན་ལུ་ བཏང་ཡོདཔ་ཨིན་པས།

མོ་དང་གཅིག་ཁར་ འབྲེལ་བ་འཐབ་མི་ མི་ངོམ་དེ་གི་ བརྟག་དཔྱད་དེ་ མོ་གི་གྲུབ་འབྲས་འཐོན་ཞིནམ་ལས་ དེ་དང་འཁྲིལ་ འགོ་འདྲེན་འཐབ་ནི་ཨིན་པས།

ཨམ་སྲུ་དེ་ ཟུར་བཞག་ལྟེ་བ་ནང་ མ་བཞག་པའི་ཧེ་མར་ ཁྲོམ་ཁར་ ཚོང་ཁང་དག་པ་ཅིག་ནང་ སོང་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ བུམ་ཐང་རྫོང་ཁག་ནང་ཡང་ ཨམ་སྲུ་༡ དང་ མོ་རའི་ཨ་ལོ་དེ་ ནད་ཡམས་ཐོབ་མི་དེ་དང་ ཐད་ཀར་དུ་ འབྲེལ་བ་འཐབ་ཡོདཔ་ལས་ ཟུར་བཞག་ལྟེ་བའི་ནང་ བཞག་ཡོདཔ་ཨིན་པས།

ཨམ་སྲུ་དེ་ སྤྱི་ཟླ་༨ པའི་ཚེས་༤ ལུ་ དགེ་ལེགས་ཕུག་ལུ་ ནད་ཡམས་ཐོབ་ཡོད་མི་དེ་དང་ འབྲེལ་བ་འཐབ་ཡོདཔ་ད་ སྤྱི་༨ པའི་ཚེས་༨ ལུ་ བུམ་ཐང་ལུ་ ལྷོད་ཡོདཔ་ཨིན་པས།

ཨམ་སྲུ་དེ་དང་ ཨ་ལོ་གི་ ཁྲག་གི་དཔེ་ཚད་དེ་ བརྟག་དཔྱད་ཀྱི་དོན་ལུ་ ཐིམ་ཕུག་ལུ་ བཏང་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ རྫོང་ཁག་༢ ཆ་རའི་ནང་ འགྲོ་འགྲུལ་བཀག་དམ་འབད་མི་ལུ་ གྲ་སྒྲིག་ཡོདཔ་ཨིན་པས།

བུམ་ཐང་རྫོང་བདག་ པ་སངས་རྡོ་རྗེ་གིས་ སླབ་མིའི་ན་ གཞུང་ལམ་དང་ རྫོང་ཁག་གཞན་དང་ མཐུད་སྦྲེལ་འབད་སའི་ དང་ཕུ་གི་ རྐང་ལམ་ཚུ་ཡང་ བཀག་དམ་འབད་ཡོདཔ་ད་ དགོས་མཁོ་བའི་ ཐུན་རྐྱེན་བཀྲམ་སྤེལ་འབད་མི་ སྡེ་ཚན་དེ་གིས་ ལཱ་འབད་ནི་འགོ་བཙུགས་ཡི་ཟེར་ཨིན་པས།

སྨན་བཀྲམ་སྤེལ་འབད་ནི་དང་ ལས་བྱེད་ཚོགས་ཆུང་ཡང་ ལཱ་འབད་དོ་ཡོད་པའི་ཁར་ དགོས་མཁོ་བའི་ ཅ་ཆས་ཚུ་ཡང་ བསྐྱར་ཞིབ་འབད་ཡོདཔ་ད་ མཛོད་ཁང་ནང་ མཁོ་ཆས་ཚུ་ ལངམ་སྦེ་ཡོད་ཟེར་ཨིན་པས།

དེ་བཟུམ་སྦེ་ ཀྲོང་གསར་རྫོང་བདག་ བསྟན་འཛིན་རྡོ་རྗེ་གིས་ སླབ་མིའི་ནང་ རྫོང་ཁག་ནང་ ཉེན་སྲུང་གི་ས་གོ་ཚུ་ ངོས་འཛིན་འབད་ཡོད་པའི་ཁར་ ལྟ་རྟོག་འབད་ནིའི་དོན་ལུ་ སྡེ་སྲུངཔ་ཚུ་ གཞི་བཙུགས་ཡོདཔ་སྦེ་ཨིན་པས།

ས་གནས་གཞུང་གི་ འགོ་དཔོན་ཚུ་ལུ་ མེ་རླུང་རྒྱ་རྫི་སྟོངམ་ཚུ་ ཐོ་བཀོད་འབད་དགོཔ་སྦེ་ སླབ་ཡོདཔ་ད་ མེ་རླུང་གི་ཞབས་ཏོག་དེ་ རང་སྡོད་ས་ཚུན་ བསྐྱལ་བྱིན་འོང་ཟེར་ཨིནམ་ད་ སྨན་ཁང་གི་ཞབས་ཏོག་ཡང་ དགོས་མཁོ་དང་བསྟུན་  རང་སྡོད་ས་ལུ་ བྱིན་ནི་ཨིན་པས།

ཁྲོམ་ནང་འཁོད་ཀྱི་དོན་ལུ་ ངོས་འཛིན་འབད་ཡོད་པའི་ ཚོང་ཁང་དང་ ཤ་ཁང་ དེ་ལས་ ཚོད་བསྲེ་བཀྲམ་སྤེལ་བ་ཚུ་གིས་ རང་གི་ མཁོ་མངགས་དང་བསྟུན་ རང་སྡོད་ས་ལུ་ བསྐྱལ་བྱིན་ནི་ཨིན་པའི་གནས་ཚུལ།

ཉིམ་རྡོ་རྗེ། ཀྲོང་གསར།

About admin

Check Also

འབྲུག་གིས་ འཛམ་གླིང་སྤྱི་ཚོགས་ཀྱི་གོ་སྐབས་ཚུ་ འདྲ་མཉམ་ཐོབ་སྟེ་ཡོདཔ།

༉ འདས་པའི་ལོ་ངོ་༧༥ འི་རིང་ བཟའ་ཚང་ས་ཡ་ལས་བཅད་མི་ཚུ་ དབུལ་ཕོངས་དང་ འཐབ་འཛིང་ དེ་ལས་ དཀའ་ངལ་ཚུ་ནང་ལས་ བཏོན་ཚུགས་ཡོདཔ་མ་ཚད་ ས་གནས་ཀྱི་ཆགས་ཚུལ་དང་ རྒྱལ་ཁབ་ཀྱི་ཆེ་ཆུང་གི་ཁྱད་པར་ ག་དེ་སྦེ་ར་ཡོད་རུང་ འཛམ་གླིང་གི་ འཐུས་མི་ཅིག་ཨིན་མི་དང་འཁྲིལ་ འབྲུག་གིས་ …

Leave a Reply

Your email address will not be published. Required fields are marked *