གཡུས་ཚན་ཚུ་ནང་ མགྱོན་ཁྱིམ་བཟོ་མི་ཚུ་གི་གྲས་ལས་ གཅིག།

བུམ་ཐང་དང་ ཀྲོང་གསར་གྱི་ མགྱོན་ཁྱིམ་ཚུ་ ནད་ཡམས་ལུ་བརྟེན་ ཐོ་ཕོག་ཡོདཔ།

༉ བུམ་ཐང་རྫོང་ཁག་དེ་ ལྟ་བཤལཔ་འོང་སའི་ས་གནས་ གཙོ་ཅན་ཅིག་ཨིནམ་བཞིན་དུ་ མི་སེར་ཚུ་གིས་ རང་སོའི་ཁྱིམ་ནང་ མགྱོན་ཁྱིམ་བཟོ་མི་ལུ་བརྟེན་ འོང་འབབ་བཟོ་དོ་ཡོདཔ་ཨིན་རུང་ ནད་ཡམས་ཀོ་བིཌ་-༡༩ ལུ་བརྟེན་ ལྟ་བཤལཔ་འོང་ནི་མེདཔ་ལས་ ཐོ་ཕོག་ཡོདཔ་ཨིན་པས།
ཨུ་ར་ལུ་ ཨུ་ར་བང་བ་ཟེར་ ལྟ་བཤལཔ་ཚུ་གི་དོན་ལུ་ མགྱོན་ཁྱིམ་བཟོ་མི་དེ་ རྙིང་ཤོས་ཅིག་ཨིན་རུང་ ད་རེས་ ནད་ཡམས་ཀོ་བིཌ་-༡༩ ལུ་བརྟེན་ ཚོང་འབྲེལ་འགྱོ་མ་བཏུབ་པར་ ཡོདཔ་ཨིན་པས།
སྤྱི་ལོ་༢༠༠༧ ལུ་ གཞི་བཙུགས་འབད་མི་ མགྱོན་ཁྱིམ་དེ་ ད་ཚུན་ ཚོང་འབྲེལ་ལེགས་ཤོམ་འཐབ་ཡོད་རུང་ ད་རེས་ནངས་པར་ ལྟ་བཤལཔ་ཕུད་རྡོག་༡ ཡང་འོང་ནི་མེདཔ་ལས་ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས།
ཇོ་བདག་བཀྲིས་དབང་མོ་གིས་ སླབ་མིའི་ནང་ མོ་གི་ བཟའ་ཚང་དོན་ལུ་ འོང་འབབ་ཀྱི་འབྱུང་ཁུངས་ གཙོ་བོ་ཅིག་ མགྱོན་ཁྱིམ་དེ་ཨིན་རུང་ ད་རེས་ནངས་པར་ མགྱོནམ་༡ ཡང་འོང་ནི་མེདཔ་ལས་ ཨ་ལོ་༥ གསོ་སྐྱོང་འཐབ་ནི་ལུ་ གདོང་ལེན་བྱུངམ་མས་ཟེར་ཨིན་པས།
ཨ་རྟག་འབད་བ་ཅིན་ ལོ་བསྟར་བཞིན་དུ་ ལྟ་བཤལ་འོང་མི་ལུ་བརྟེན་ འོང་འབབ་དངུལ་ཀྲམ་༢༠༠,༠༠༠ དང་༣༠༠,༠༠༠ དེ་རེ་ བཟོ་དོ་ཡོདཔ་ད་ ད་རེས་ནངས་པར་ སོ་ནམ་གྱི་ལཱ་འབད་དོ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ མགུ་འཐབ་མགྲོན་ཁྱིམ་གྱི་ ཇོ་བདག་ཀརྨ་དབང་འདུས་ཀྱིས་ སླབ་མིའི་ནང་ ད་རེས་ནངས་པར་ འོང་འབབ་ཀྱི་དོན་ལུ་ རྒེད་འོག་གི་ མི་སྡེ་ཁག་འབག་གི་ལཱ་དང་ གཞན་ལཱ་ཆུང་ཀུ་རེ་ འབད་དོ་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ སོ་ནམ་ཞིང་ལཱ་ལུ་ གཙོ་བོར་བཏོན་ནི་སྦེ་ ཀེ་བ་འཛུགས་སྐྱོང་འབད་ཡོདཔ་ཨིན་རུང་ རི་དྭགས་སེམས་ཅན་ཚུ་གིས་ མེདཔ་བཏང་ཡི་ཟེར་ཨིན་པས།
ཨུ་ར་རྒེད་འོག་ནང་ མགྱོན་ཁྱིམ་༦ དེ་ཅིག་ཡོདཔ་བཞིན་དུ་ ཆོས་འཁོར་རྒེད་འོག་ནང་ཡོད་མི་ ཤེས་རབ་སྒྲོལ་མ་ཡང་ ལཱ་ཁག་རྐྱབ་པའི་ ལོ་རྒྱུས་ཚུ་བཤདཔ་ཨིན་པས།
ཇོ་བདག་ཀརྨ་སྒྲོལ་དཀར་གྱིས་ སླབ་མིའི་ནང་ ལྟ་བཤལཔ་འོང་ནི་མེདཔ་ལས་ སོ་ནམ་གྱི་ལཱ་འབད་ནི་ལུ་ རྩ་འགེངས་དོ་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ ལོ་བསྟར་བཞིན་དུ་ མོ་གི་མགྲོན་ཁྱིམ་ནང་ ནང་འཁོད་ཀྱི ་མགྱོནམ་ཚུ་མ་བརྩི་བར་ ལྟ་བཤལཔ་༩༠༠ ལས་༡,༠༠༠ གི་བར་ན་ འོང་ནི་ཡོད་ཟེར་ཨིན་པས།
ནད་ཡམས་ཐོན་པའི་ཤུལ་ལུ་ ནང་འཁོད་ཀྱི་མི་ཚུ་ཡང་ འོང་ནི་ལས་ བཀག་དམ་འབད་དེ་ཡོད་ཟེར་ཨིནམ་ད་ དེ་ཡང་ གཡུས་ཁའི་མི་ཚུ་གི་ མགྱོནམ་ཚུ་ ཟུར་བཞག་ལྟེ་བའི་ནང་ སྡོད་མི་ཚུ་འོང་མནོ་བའི་ ཚ་གྱང་ལང་སྟེ་ བཀག་དམ་འབད་ཡོདཔ་མ་ཚད་ མི་གསརཔ་འོང་པའི་སྐབས་ རྒེད་འོག་ལུ་ སྙན་ཞུ་འབད་དགོ་མི་ལུ་བརྟེན་ཟེར་ཨིན་པས།
སྟངས་ལུ་ཡོད་པའི་ མི་སེར་ཐང་མགྲོན་ཁྱིམ་གྱི་ ཇོ་བདག་གིས་ སླབ་མིའི་ནང་ ནད་ཡམས་ཐོན་པའི་ཤུལ་ལས་ ཚོང་ལཱ་སྒོ་བསྡམས་བཞག་ཡོདཔ་ད་ ཁོང་ར་ སོ་ནམ་གྱི་ལཱ་ལུ་ གཙོ་བོར་བཏོན་དོ་ཟེར་ཨིན་པས།
ཀྲོང་གསར་ལུ་ཡང་ སྐོར་ཕུག་རྒེད་འོག་ནང་ མགྱོན་ཁྱིམ་༣ དེ་ཅིག་ཡོད་རུང་ ད་ལྟོ་ཚུན་ ལྟ་བཤལཔ་ཕུད་རྡོག་༡ ཡང་ མ་འོངམ་ཨིན་པས།
སྐོར་ཕུག་ཚོགས་པ་ པདྨ་རྒྱལ་མཚན་གྱིས་ སླབ་མིའི་ནང་ ན་ཧིང་ རྒེད་འོག་གི་ གཡུས་ཁྱིམ་༣ ལྟ་བཤལ་པའི་དོན་ལུ་ མགྱོན་ཁྱིམ་བཟོ་དགོཔ་སྦེ་ སླབ་ཡོདཔ་ཨིན་རུང་ ད་ལྟོ་ཚུན་ ལྟ་བཤལཔ་ཕུད་རྡོག་༡ ཡང་ མ་འོང་ཟེར་ཨིན་པས།
དེ་བཟུམ་སྦེ་ ནབ་སྦིས་ལུ་ མགྱོན་ཁྱིམ་མེདཔ་ལས་ ལྟ་བཤལཔ་རེ་གཉིས་འོང་མི་ཚུ་ ཞིང་ནང་ གུར་སྤུབས་ཏེ་ སྡོད་དོ་ཡོདཔ་ད་ མི་ཚུ་ལུ་ འཐུས་དུམ་གྲ་རེ་ སྤྲོད་དོ་ཡོད་པའི་གནས་ཚུལ།

ཉིམ་རྡོ་རྗེ། ཀྲོང་གསར།

 

About admin

Check Also

ཝམ་རོང་གི་ འཐབ་རྩོད་ནང་ མི་༣ ལུ་ ཉེས་འཛུགས་འབད་ཡོདཔ།

༉ བཀྲིས་སྒང་ཝམ་རོང་ལུ་ སྤྱི་ཟླ་༤ པའི་ཚེས་༢༦ ལུ་ འཐབ་འཛིང་བྱུང་མི་དེ་ནང་ དྲང་དཔོན་གྱི་ཨམ་དང་ ཕྱགས་བདར་བའི་གནས་ཚང་ དེ་ལས་ སློབ་ཕྲུག་བུཚ་ཅིག་ལུ་ ཉེས་འཛུགས་འབད་བའི་ སྣ་ཚོགས་སྙན་གསན་དེ་ ཁ་ཙ་ ཝམ་རོང་དྲུང་ཁག་ཁྲིམས་ཀྱི་འདུན་སར་ ངང་ལམ་དྲུང་ཁག་ཁྲིམས་འདུན་གྱི་ …

Leave a Reply

Your email address will not be published. Required fields are marked *