བུམ་ཐང་ཆོས་འཁོར་དང་ ཨུ་ར་རྒེད་འོག་༢ ནང་ གསོ་བའི་ལས་རོགསཔ་དང་ སྨན་གཡོགམོ་གི་ དགོས་མཁོ་ཡོདཔ།

༉ བུམ་ཐང་ཆོས་འཁོར་དང་ ཨུ་ར་རྒེད་འོག་༢ ཀྱི་ གཞི་རྟེན་སྨན་ཁང་༣ ནང་ གསོ་བའི་ལས་རོགསཔ་དང་ སྨན་གཡོགམོ་ཚུ་ གནས་སོར་སོང་བའི་ཤུལ་ལུ་ ཚབ་མ་ཐོབ་མི་ལུ་བརྟེན་ མི་སེར་ཚུ་ལུ་ དཀའ་ངལ་བྱུང་དོ་ཡོདཔ་ཨིན་པས།
གནད་དོན་དེ་ཡང་ རྫོང་ཁག་ཚོགས་འདུ་ཐེངས་༦ པའི་སྐབས་ ཨུ་ར་དང་ ཆོས་འཁོར་རྒཔོ་༢ ཀྱིས་ ཞུ་བ་ཕུལ་ཡོདཔ་ཨིན་པས།
ཨུ་ར་རྒཔོ་ མཁའ་འགྲོ་དབང་ཕྱུག་གིས་ སླབ་མིའི་ནང་ ཨུ་ར་གཞི་རྟེན་སྨན་ཁང་ནང་ ད་ལྟོ་ གསོ་བའི་ལས་རོགསཔ་༢ པོ་ཆ་ར་ ཕོ་སྐྱེས་ཨིནམ་ལས་བརྟེན་ སྨན་གཡགམོ་ཅིག་ དགོཔ་ཡོད་མི་དེ་ཡང་ ཨམ་སྲུའི་དཀའ་ངལ་ཚུ་ ཐད་ཀར་དུ་ སླབ་མ་ཚུགས་པའི་ དཀའ་ངལ་བྱུངམ་མས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ལས་བྱེདཔ་༢ ལས་༡ ཕོ་དང་༡ མོ་ཨིན་པ་ཅིན་ མི་སེར་ཚུ་ རང་གི་ན་ཚ་བྱུང་མི་ཚུ་ གཡང་ཟ་བག་ཟ་མེད་པར་ སླབ་ཚུགས་པའི་ ཕན་ཁྱད་ཡོདཔ་ལས་ སྨན་གཡོངམོ་ཅིག་ ངེས་པར་དུ་ དགོཔ་ཡོད་ཟེར་ཨིན་པས།
སྨན་གཡོགམོ་ཅིག་ ཐེབས་སྦེ་གནང་ཐབས་མེད་རུང་ ད་ལྟོ་ཡོད་པའི་ གསོ་བའི་ལས་རོགསཔ་༢ ལས་༡ གི་ཚབ་ སྨན་གཡོགམོ་གནང་ཚུགས་རུང་ དཀའ་ངལ་བསལ་ནིའི་ ཐབས་ལམ་ཅིག་ཨིན་མས་ཟེར་ ཨིན་པས།
རྫོང་ཁག་གསོ་བའི་འགོ་དཔོན་ འཇིགས་མེད་སྐལ་བཟང་གིས་ སླབ་མིའི་ནང་ ད་ལྟོ་ མི་སྟོབས་དང་འབྲེལ་བའི་དཀའ་ངལ་ཡོདཔ་ལས་ གསོ་བའི་ལྷན་ཁག་དང་གཅིག་ཁར་་ གྲོས་བསྟུན་འབད་དེ་ ཐབས་ལམ་སྟོན་འོང་ཟེར་ཨིན་པས།
དེ་བཟུམ་སྦེ་ དུར་གཞི་རྟེན་སྨན་ཁང་གི་ གསོ་བའི་ལས་རོགསཔ་དང་ ཆོས་འཁོར་སྟོད་གཞི་རྟེན་སྨན་ཁང་གི་ སྨན་གཡོགམོ་༢ གནས་སོར་སོང་ཡོདཔ་ལས་ འཕྲལ་མགྱོགས་སྦེ་ར་ ཚབ་གཏང་དགོ་པས་ཟེར་ཨིན་པས།
ཆོས་འཁོར་རྒེད་འོག་གི་དམངས་མི་ སངས་རྒྱས་འཕྲིས་ཀྱིས་ སླབ་མིའི་ནང་ ཧེ་མ་བཟུམ་སྦེ་ ལས་བྱེདཔ་༢ རེ་ཡོད་པ་ཅིན་ སྟབས་བདེ་ནི་མས་ཟེར་ཨིནམ་ད་ དེ་ཡང་ ལས་བྱེདཔ་༡ འབདཝ་ད་ གློ་བུར་ཞལ་འཛོམས་དང་ ན་ཚ་རེ་ཕོག་པ་ཅིན་ སྨན་ཁང་ནང་ ལས་བྱེདཔ་མེད་པའི་ དཀལ་ངལ་འབྱུང་ནི་མས་ཟེར་ཨིན་པས།
དེ་མ་ཚད་ སྨན་ཁང་ནང་ ཕོ་དང་མོའི་དོན་ལས་ ལས་བྱེདཔ་སོ་སོར་ཡོད་པ་ཅིན་ རང་སོའི་ ན་ཚ་ཚུ་ ཁ་གསལ་སྦེ་ སླབ་ནི་ལུ་ སྟབས་བདེ་ཏོག་ཏོ་འོང་ནི་མས་ཟེར་ཨིན་པས།
རྫོང་ཁག་གསོ་བའི་སྡེ་ཚན་གྱིས་ གསོ་བའི་ལྷན་ཁག་དང་ གྲོས་བསྟུན་འབད་དེ་ ཐབས་ལམ་ཚུ་ མ་བཏོན་ཚུན་ རྒེད་འོག་༢ ནང་ ཞབས་ཏོག་ཚུ་ ད་ལྟོ་བཟུམ་སྦེ་ར་ ལེན་སྡོད་དགོ་ནི་ཨིན་པའི་གནས་ཚུལ།

ཉིམ་རྡོ་རྗེ། ཀྲོང་གསར།

 

About admin

Check Also

གནས་ཚུལ་མདོར་བསྡུས།

ཁ་ཙ་ ཀྲོང་གསར་རྫོང་ཁག་ སྟང་སི་སྦྱིས་གློག་མེ་ལས་འགུལ་གྱི་ ས་དོང་ཊ་ནཱལ་༡ པ་དང་༢ པའི་ཆུ་དུང་མཐུད་སྦྲེལ་འབད་ཡོདཔ་ད་ ས་འོག་གི་ ཆུ་དུང་དེ་ཡང་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་གྱི་ འཛིན་སྐྱོང་མདོ་ཆེན་ དྲགོས་ཚེ་དབང་རིག་འཛིན་གྱིས་ འཕྲུལ་རྟ་ཨེབ་ཐོག་ལས་ ས་དོང་ཊ་ནཱལ་༢ ཀྱི་བར་ན་ གས་རྫས་ལག་ལེན་འཐབ་སྟེ་ …

Leave a Reply

Your email address will not be published. Required fields are marked *