བིམསི་ཊེག་གི་ ཡོངས་ཁྱབ་དྲུང་ཆེན་གྱི་ གདམ་ངོ་དེ་ ཁྲིམས་འགལ་མེནམ།

༉ གཞུང་གིས་ འབྲུག་མཉམ་རུབ་ཚོགས་པ་ གཞི་བཙུགས་འབད་མི་ བསྟན་འཛིན་ལེགས་འཕེལ་དེ་ བིམསི་ཊེག་གི་ ཡོངས་ཁྱབ་དྲུང་ཆེན་གྱི་ གདམ་ངོ་སྦེ་ ངོས་འཛིན་གྲུབ་མི་དེ་ ཁྲིམས་ལས་འགལ་བ་མེད་ཟེར་ཨིན་པས།

དེ་ཡང་ སྤྱི་ཟླ་༩ པའི་ཙེས་༢༥ ལུ་ བློན་ཆེན་ཌོག་ཊར་བློ་གྲོས་ཚེ་རིང་གིས་ བརྡ་བརྒྱུདཔ་ཚུ་ལུ་ གསུངས་ཡོདཔ་ད་ བསྟན་འཛིན་ལེགས་འཕེལ་ གདམ་ངོ་སྦེ་ བཏོན་ནི་དེ་ཡང་ བློན་ཆེན་ཁོ་ར་རྐྱངམ་གཅིག་གིས་ གྲོས་ཐག་བཅད་བཅདཔ་ཨིན་ཟེར་ཨིན་པས།

ད་རེས་ མི་ཚུ་གིས་ ཁོ་གི་གདམ་འཐུ་དེ་ ཁྲིམས་འགལ་ཨིན་པའི་སྐོར་ལས་ ཉོགས་བཤད་བཀོད་དོ་ཡོདཔ་མ་ཚད་ ངན་ལྷད་བཀག་དམ་ལྷན་ཚོགས་ལུ་ཡང་ ཉོགས་བཤད་ཡི་གུ་བཙུགས་ཡོདཔ་ལས་ གལ་སྲིད་ ག་གིས་ར་འབད་རུང་ གདམ་འཐུ་དེ་ ཁྲིམས་ལུགས་ལས་ འགལ་བ་ཨིནམ་སྦེ་ ཁུངས་བཀལ་མི་ འཐོན་པ་ཅིན་ བསྟན་འཛིན་ལེགས་འཕེལ་གྱི་མིང་དེ་ ལོག་བཏོན་བཞག་ནི་ཨིན་ཟེར་ བློན་ཆེན་གྱིས་ གསུངས་ཡི།

ད་ལྟོ་ ཁོ་ར་ གདམ་ངོ་མ་གཏོགས་ གོ་གནས་དེ་ཁར་ བསྐོ་བཞག་ཡང་ འབད་འབདཝ་མེད་ཟེར་གསུངས་ཡི།

བློན་ཆེན་གྱིས་འབད་བ་ཅིན་ ད་ལྟོ་ སྲིད་དོན་ཚོགས་པ་དང་ མི་སྡེའི་བརྡ་བརྒྱུད་ ལག་ལེན་འཐབ་མི་ ལ་ལོ་ཅིག་གིས་ ཉོགས་བཤད་བཀོདཔ་ཨིན་རུང་ ལམ་ལུགས་དང་འཁྲིལཝ་ད་ ཡོངས་ཁྱབ་དྲུང་ཆེན་གྱི་དོན་ལུ་ རྒྱལ་ཁབ་དེ་གི་ གཞུང་གིས་ གདམ་འཐུ་འབད་ནི་དང་ དེ་ལུ་ འཐུས་མི་རྒྱལ་ཁབ་༨ ཀྱི་ ཕྱི་འབྲེལ་བློན་པོ་ཚུ་གིས་ ངོ་སྦྱོར་འབད་དེ་ གྲོས་ཐག་བཅད་དགོཔ་སྦེ་ཡོད་ཟེར་ཨིན་པས།

དེ་དང་འཁྲིལ་ འཐུས་མི་རྒྱལ་ཁབ་༨ ཀྱི་ ཕྱི་འབྲེལ་བློན་པོ་ཚུ་གིས་ ངོ་སྦྱོར་ཐོག་ ཆ་འཇོག་འགྲུབ་དགོཔ་བཞིན་དུ་ ད་ཚུན་ བློན་པོ་གཅིག་གིས་མ་གཏོགས་ གཞན་ག་ར་གིས་ ངོས་ལེན་འབད་ཚར་ཏེ་ཡོད་ཟེར་ཨིན་པས།

གོ་བརྡའི་ཆིངས་ཡིག་ནང་ ཡོངས་ཁྱབ་དྲུང་ཆེན་དེ་ ཕོ་སྐྱེས་དགོཔ་ཨིན་ན་ ཡང་ཅིན་ ཨམ་སྲུ་དགོཔ་ཨིན་ན་ ཤེས་ཚད་དང་ ཉམས་མྱོང་ག་བཟུམ་དགོཔ་ཨིན་ནའི་ ཁྱད་ཚད་ཚུ་ཡང་ འཁོད་དེ་མེདཔ་ལས་ རྒྱལ་ཁབ་རང་སོའི སྐོར་རྒྱབ་གུ་ལྷོདཔ་ད་ གདམ་འཐུ་འབད་དགོ་ཟེར་མི་རྐྱངམ་གཅིག་ འཁོད་དེ་ཡོད་ཟེར་ཨིན་པས།

མ་གཞི་ བསྟན་འཛིན་ལེགས་འཕེལ་ལས་ དྲགཔ་དང་ ཁོ་ལས་མཁས་མི་ ལེ་ཤ་ཅིག་ར་ འོང་སྲིད་ནི་ཨིན་རུང་ ཁོ་གི་རྟོགས་བརྗོད་ལས་དྲགཔ་ ག་ཡང་མི་འོང་ཟེར་ བློན་ཆེན་གྱིས་ གསུངས་ཡི།

ཡོངས་ཁྱབ་དྲུང་ཆེན་གྱི་ གོ་གནས་དང་འཁྲིལ་ འགན་ཁུར་འབག་དགོཔ་བཞིན་དུ་ གཞུང་དང་ མཉམ་འབྲེལ་ལེགས་ཤོམ་སྦེ་ ལཱ་འབད་མི་ དེ་ལས་ ལོ་རྒན་གཞོན་ལས་འབད་རུང་ བསྟན་འཛིན་ལེགས་འཕེལ་དེ་ འོས་འབབ་འདུག་ཟེར་ གྲོས་ཐག་བཅད་ཅི་ཟེར་ཨིན་པས།

ད་རེས་ ལ་ལོ་ཅིག་གིས་ གདམ་འཐུ་འབད་ནིའི་དོན་ལུ་ སྤྱིར་བཏང་ཆོས་རྒྱུགས་ཅིག་ འགོ་འདྲེན་མ་འཐབ་པས་ཟེར་ སླབ་དོ་ཡོདཔ་ད་ བློན་ཆེན་གྱིས་འབད་བ་ཅིན་ གལ་སྲིད་ སྒྲིག་གཞིའི་ནང་ སྤྱིར་བཏང་བཙག་འཐུའི་ ཆོས་རྒྱུགས་རྐྱབ་དགོཔ་ ཡོད་པ་ཅིན་ དེ་དང་འཁྲིལ་ཏེ་ར་ འབད་དགོཔ་ཨིན་རུང་ དེ་བཟུམ་མའི་ ལམ་ལུགས་ལག་ལེན་འཐབ་དགོཔ་མེད་ཟེར་ཨིན་པས།

བློན་ཆེན་ཁོ་ར་གིས་ འབད་མ་ཆོག་པ་ཅིན་མ་ཤེས་ འབད་ཆོགཔ་ཡོད་པ་ཅིན་ འབྲུག་རྒྱལ་ཁབ་ནང་ལས་ མི་གཅིག་ གདམ་འཐུ་འབད་ནི་དེ་ བསྟན་འཛིན་ལེགས་འཕེལ་ལས་ གཞན་མི་འོང་ཟེར་གསུངས་ཡི།

དེ་མ་ཚད་ བསྟན་འཛིན་ལེགས་འཕེལ་གྱིས་ སྤྱི་ལོ་༢༠༠༨ ལས་འགོ་བཙུགས་ ད་ལྟོ་ཚུན་ སྲིད་དོན་ནང་ བཅའ་མར་གཏོགས་ཏེ་ ཕྱག་ཞུ་ཡོདཔ་མ་ཚད་ ད་ལྟོ་འབད་རུང་ གཞུང་ལུ་ གྲོས་བསྟུན་དང་ རྒྱབ་སྐྱོར་ཚུ་ འབད་བཞིན་དུ་ཡོད་ཟེར་ཨིན་པས།

བསྟན་འཛིན་ལེགས་འཕེལ་དེ་ གདམ་འཐུ་འབད་བའི་སྐབས་ ཁོ་རའི་རྟོགས་བརྗོད་ནང་ འབྲུག་མཉམ་རུབ་ཚོགས་པའི་ ཡོངས་ཁྱབ་དྲུང་ཆེན་སྦེ་ ཕྱག་ཞུ་ཡོདཔ་མ་ཚད་ གཞུང་ལུ་ རྒྱབ་སྐྱོར་དང་ གྲོས་བསྟུན་ཐོག་ ཕྱག་ཞུ་ཡོདཔ་སྦེ་ བཙུགས་ཏེ་ཡོདཔ་བཞིན་དུ་ ཁོ་གི་ རྟོགས་བརྗོད་དེ་ བརྒྱ་ཆ་༩༠ སྲིད་དོན་གྱི་སྐོར་ལས་ར་ བཀོད་དེ་ཡོད་ཟེར་ཨིན་པས།

ག་དེམ་ཅིག་སྦེ་ མི་ངོ་དེ་གིས་ འབྲུག་ནང་འཁོད་ལུ་ གཡོག་གི་ས་སྟོང་ནང་ གྲལ་གཏོགས་འབད་ནིའི་ སྤྲོ་བ་བསྐྱེད་པ་ཅིན་ སྲིད་དོན་ཚོགས་པ་ནང་ལས་ ཕྱིར་བཏོན་འབད་དེ་ དུས་ཡུན་ལོ་གཅིག་ ལང་དགོཔ་ཨིན་རུང་ རྒྱལ་ཁབ་ཀྱི་ ཕྱི་ཁར་འབདཝ་ད་ ཁྲིམས་ལུགས་དེ་དང་འཁྲིལ་དགོཔ་མེད་ཟེར་ བློན་ཆེན་གྱིས་ གསུངས་ཡི།

ད་རེས་ གཞུང་སྐྱོང་ནང་ཨིན་མི་ འབྲུག་མཉམ་རུབ་ཚོགས་པའི་ ཡོངས་ཁྱབ་དྲུང་ཆེན་ར་ གོ་གནས་དེ་གི་དོན་ལུ་ གདམ་འཐུ་འབད་མི་ལུ་ བིམསི་ཊེག་དེ་ གནམ་མེད་ས་མེད་ ངལ་རངས་ཏེ་འདུག་ཟེར་ཨིན་པས།

མི་ལ་ལོ་ཅིག་གིས་ འབད་བ་ཅིན་ སྤྱིར་བཏང་ དེ་བཟུམ་མའི་ གོ་གནས་ཚུ་ སྲིད་དོན་གྱི་ གོ་གནས་ཨིནམ་བཞིན་དུ་ ད་རེས་ མི་ཚུ་གིས་ ཉོགས་བཤད་བཀོད་མི་ཡང་ ཁོང་རའི་ འགན་ཁུར་ཚུ་འབག་སྟེ་འབདཝ་ཨིན་པས་ཟེར་གསུངས་ཡི།

དེ་བཟུམ་སྦེ་ འདས་པའི་གཞུང་ཚུ་གི་སྐབས་ལུ་ཡང་ ཁོང་ར་གིས་ མི་ངོ་ལེ་ཤ་ཅིག་ གདམ་འཐུ་འབད་དེ་ གོ་གནས་ཚུ་ནང་ བསྐོ་བཞག་འབད་མི་ཚུ་ ག་ར་གིས་ ཤེས་ས་ཨིན་ཟེར་ བློན་ཆེན་གྱིས་ གསུངས་ཡི།

ཕྱི་འབྲེལ་ལྷན་ཁག་ལས་འབད་བ་ཅིན་ གཞུང་གི་བཀའ་རྒྱ་དང་འཁྲིལ་ གདམ་ངོའི་བྱ་རིམ་ཚུ་ མཇུག་བསྡུ་མི་དེ་ཡང་ སྤྱི་ཟླ་༩ པའི་ཚེས་༢ ལུ་ བིམསི་ཊེག་གི་ ཆེ་མཐོ་འགོ་དཔོན་གནས་རིམ་གྱི་ ཞལ་འཛོམས་ཐེངས་༢༡ པའི་ནང་ ཡོངས་ཁྱབ་དྲུང་ཆེན་གྱི་ གདམ་ངོ་དེ་ ངོས་ལེན་གྲུབ་ཡོདཔ་བཞིན་དུ་ འཕྲལ་མགྱོགས་ར་ ཕྱི་འབྲེལ་བློན་པོའི་ གནས་རིམ་གྱི་ ཞལ་འཛོམས་ནང་ ཡོངས་ཁྱབ་དྲུང་ཆེན་གྱི་ གདམ་ངོ་དེ་ ཆ་འཇོག་འགྲུབ་ནི་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

About admin

Check Also

མོང་སྒར་ལུ་ ས་སྣུམ་མ་ལང་པའི་ དཀའ་ངལ་ཐོན་ཡོདཔ།

༉ མོང་སྒར་ཁྲོམ་ནང་སྡོད་མི་ སྣུམ་འཁོར་ཆུང་བའི་ ཇོ་བདག་ཅིག་ཨིན་མི་ རྒྱལ་མཚན་གྱིས་ རེས་གཟའ་ཕུར་བུ་ལུ་ ཁོ་རའི་ ལཱ་ཁག་ཆེ་ཏོག་ཏོ་ཅིག་ཐོན་ཏེ་ གླིང་མེད་ཐང་ལུ་ འགྱོ་ནིའི་དོན་ལས་ མོང་སྒར་ས་སྣུམ་བཀྲམ་སྤེལ་ཁང་ནང་ མར་ཁུ་བླུག་པར་ཚར་༢ དེ་ཅིག་འགྱོ་རུང་ ས་སྣུམ་མེད་ནི་དེ་གིས་ འཆར་གཞི་བཤོལ་བཞག་འབད་དགོཔ་ …

Leave a Reply

Your email address will not be published. Required fields are marked *