གླངམོ་ཆེ་ཚུ་གིས་ བརྡབས་བཏང་མི་ ངང་ལག་ཤིང་ཚུ།

བསམ་རྩེ་སེངྒེ་སྒང་ལུ་ གླངམོ་ཆེ་ཚུ་གིས་ རྡོག་མ་ཤིང་དང་ གེ་ཟ་ཞིང་ཚུ་ གནོད་སྐྱོན་རྐྱབ་ཡོདཔ།

༉ བསམ་རྩེ་ བཀྲིས་ཆོས་གླིང་རྒེད་འོག་གི་ སེངྒེ་སྒང་གཡུས་ཚན་ནང་ ཁྱིམ་གུང་པ་༣༠ དང་༣༥ གི་ རྡོག་མ་དང་ ངང་ལག་ཤིང་ཚུ་གླངམོ་ཆེ་ཚུ་གིས་ གནོད་སྐྱོན་རྐྱབ་ཡོདཔ་ལས་ གཞུང་གིས་ གཏན་འཇགས་ཀྱི་ ཐབས་ཤེས་བཏོན་གནང་བའི་ རེ་བ་བསྐྱེད་དོ་ཡོདཔ་ཨིན་པས།
བཀྲིས་ཆོས་གླིང་རྒེད་འོག་ནང་ བསྡོམས་ཀྱིས་ཁྱིམ་གུང་པ་༦༠ ལུ་ གནོད་པ་བྱུང་སྟེ་ཡོདཔ་ད་ རྒེད་འོག་ནང་འབད་བ་ཅིན་ རྡོག་མ་ཤིང་༥༠༠ དེ་ཅིག་དང་ གེ་ཟ་ཞིང་ཨེ་ཀར་༢ ལྷགཔ་ཅིག་ མེདཔ་བཏང་ཡོདཔ་ཨིན་པས།
དེ་གི་ནང་ལས་ཡང་ སེངྒེ་སྒང་གི་མི་སེར་ཚུ་ལུ་ གནོད་སྐྱོན་ཤུགས་སྦེ་ར་ རྐྱབ་སྟེ་ཡོདཔ་ད་ གཡུས་ཚན་དེ་ནང་ལས་ཨིན་མི་ སོ་ནམ་པ་ ཆོས་འཕེལ་ལ་གི་ རྡོག་མ་ཤིང་༢༡ མེདཔ་བཏང་ཡོད་མི་ལས་༢༠ རྡོག་མ་བཏགས་མི་ ཤིང་ཚུ་ཨིན་པས།
ཁོ་གིས་སླབ་མིའི་ནང་ གནོད་སྐྱོན་རྐྱབ་མི་དེ་གིས་ དངུལ་ཀྲམ་༣༠,༠༠༠ དེ་ཅིག་ རྒུད་ཕོག་ཡོདཔ་མ་ཚད་ གླངམོ་ཆེ་ཚུ་གིས་ ལོ་ཐོག་གཞན་ཚུ་ལུ་ཡང་ གནོད་སྐྱོན་རྐྱབ་ནུག་ཟེར་ཨིན་པས།
ད་དི་རམ་གྱིས་ སླབ་མིའི་ནང་ ཁོ་གི་ རྡོག་མ་བཏགས་མི་ཤིང་༢༥ དེ་ཅིག་ མེདཔ་བཏང་ཡི་ཟེར་ཨིནམ་ད་ ཤིང་༡ གིས་ ལོ་ངོ་༣༠ དང་༤༠ གི་བར་ན་ རྡོག་མ་བཏགས་ནི་གི་རྩིས་རྐྱབ་པ་ཅིན་ རྒུད་སྦོམ་འདུག་ཟེར་ ཨིན་པས།
ཁོ་གིས་ སླབ་མིའི་ནང་ རྡོག་མ་ཤིང་བཙུགས་ནི་དེ་ ལཱ་ཁག་འདུག་ཟེར་ བཤད་པའི་ཁར་ ཀེ་ཨེན་ཤར་མ་གིས་ རྡོག་མ་ཤིང་༡ གིས་ རྡོག་མ་ཀེ་ཇི་༢༠ དེ་རེ་ འཐོན་ནི་ཡོད་མི་དེ་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༣༠ སྦེ་ བཙོངམ་ཨིན་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ གླངམོ་ཆེ་ཚུ་འཛུལ་ས་ བཀག་འཛིན་འབད་ནིའི་དོན་ལུ་ མ་དངུལ་དགོ་པས་ཟེར་ཨིནམ་ད་ གློག་ཐག་ར་བ་ཡང་ དགོཔ་འདུག་ཟེར་ཨིན་པས།
གཡུས་མི་ཚུ་གིས་ སླབ་མིའི་ནང་ ད་རེས་ནངས་པར་ གཡུས་ཚན་དེ་ནང་ གླངམོ་ཆེ་༥ དེ་ཅིག་འདུག་ཟེར་ཨིནམ་ད་ སེམས་ཅན་དེ་གིས་ ཉིན་མ་ ཀོ་ཕི་ཤིང་འཛུགས་སྐྱོང་འབད་མིའི་ནང་སྡོད་དེ་ ཕྱི་རུ་གནོདཔ་བཀལ་བར་ འོང་དོ་ཡོདཔ་ལས་ ཚལ་མ་དེ་ཚུ་ བསལ་གཏང་དགོཔ་འདུག་ཟེར་ཨིན་པས།
རྒེད་འོག་དེ་ནང་ གླངམོ་ཆེ་ཚུ་གིས་ གནོད་སྐྱོན་ཤུགས་སྦེ་ར་ རྐྱབ་མི་ལུ་བརྟེན་ གཡུས་མི་ཚུ་ གཞིས་སྤོ་སྟེ་སོང་ཡོདཔ་ད་ སྤྱི་ལོ་༢༠༡༧ ལུ་ བཀྲིས་ཆོས་གླིང་རྒེད་འོག་བདག་སྐྱོང་གིས་ གླངམོ་ཆེ་༡༣ རྒེད་འོག་ནང་འཛུལ་ནི་ལས་ བཀག་འཛིན་འབད་ཚུགས་ནི་དེ་གིས་ ལོ་༡ གི་རིང་ གནོདཔ་བཀལ་མ་ཚུགསཔ་ཨིན་པས།
ཨིན་རུང་ སྤྱི་ལོ་༢༠༡༨ ལུ་ ལམ་བཀག་ཆ་འབད་ཡོད་མི་དེ་ ཆརཔ་གིས་མེདཔ་བཏང་པའི་ཤུལ་ལས་ ད་རེས་ འཛུལ་སའི་ས་ཁོངས་༧ དེ་ཅིག་ཡོད་མི་ཚུ་ག་ར་ནང་ལས་ འཛུལ་ནི་འདུག་ཟེར་ རྒེད་འོག་བདག་སྐྱོང་གི་ འགོ་དཔོན་ཚུ་གིས་བཤད་ཅི།
སེངྒེ་སྒང་ཚོགས་པ་ རམ་པར་སཱད་ཤར་མ་གིས་ དུས་ཅི་གི་ལོ་ནང་ ཁྱིམ་གུང་པ་༣༥ དེ་ཅིག་ལུ་ གནོད་པ་བྱུང་སྟེ་ཡོད་ཟེར་ཨིནམ་ད་ ཚོགས་པ་གིས་འབད་བ་ཅིན་ རྡོག་མ་དེ་ མི་སེར་ཚུ་གི་ འོང་འབབ་གཙོ་བོ་ཅིག་ཨིནམ་ལས་ མི་ཚེ་གཅིག་གི་ རྒུད་ཕོག་སྟེ་ཡོད་ཟེར་ཨིན་པས།
ཚོགས་པ་གིས་ བཤད་མིའི་ནང་ ནགས་ཚལ་འགོ་དཔོན་ཚུ་གིས་ཡང་ ཞིང་ཚུ་བསྲུང་སྟེ་ གཡུས་མི་ཚུ་ལུ་ སེམས་ཅན་འོངམ་ད་ བརྡ་སྤེལ་ནིའི་དོན་ལུ་ འཕྲུལ་ཆས་༢ བཙུགས་ཏེ་ཡོད་ཟེར་ཨིནམ་ད་ རྒེད་འོག་ནང་ ཁྱིམ་གུང་པ་༡༠༦ ཡོདཔ་ཨིན་པས།
གླངམོ་ཆེ་གིས་ རྒེད་འོག་དེ་ནང་ ཧེ་མ་ལས་ གནོད་པ་རྐྱབ་སྟེ་ཡོདཔ་ད་ ས་གནས་དེ་ནང་ རེད་འཛུགས་སྐྱོང་ལེགས་ཤོམ་འོང་དོ་ཡོད་རུང་ མི་ཚུ་གིས་ ས་ཆ་ཚུ་སྟོངམ་སྦེ་ བཞག་སྟེ་ཡོདཔ་ཨིན་པས།
ལོ་བསྟར་བཞིན་དུ་ ཨ་རིང་ཨེ་ཀར་ལས་བཅད་དེ་ ལཱ་མ་འབད་བར་ བཞག་སར་མཐོང་པའི་ཁར་ རྒཔོ་ས་མིར་གི་རི་གིས་ སླབ་མིའི་ནང་ རི་དྭགས་སེམས་ཅན་ཚུ་གིས་ གནོདཔ་བཀལ་མི་དེ་ མ་ཆད་པར་ཡོད་ཟེར་ ཨིན་པས།
རྒཔོ་གིས་སླབ་མིའི་ནང་ མི་ཚུ་གིས་ ལཱ་རྩ་འགེངས་ཏེ་འབད་མི་དེ་ གླངམོ་ཆེ་ཚུ་ལུ་ བྱིན་ནིའི་དོན་ལས་ འབད་དོ་བཟུམ་ཅིག་ཨིན་མས་ཟེར་ཨིནམ་ད་ གནས་སྟངས་དེ་ལུ་བརྟེན་ ན་གཞོན་ཚུ་གཡུས་ཁར་འོང་སྟེ་ སོ་ནམ་གྱི་ལཱ་འབད་ཟེར་ སླབ་ནི་ལུ་ཡང་ ལཱ་ཁག་འདུག་ཟེར་ཨིན་པས།
རྡོག་མ་ཤིང་ཅིག་གིས་ རྡོག་མ་བཏགས་ནི་ལུ་ དུས་ཡུན་ལོ་༧ དེ་ཅིག་ འགོར་དོ་ཡོདཔ་ད་ རྡོག་མ་ཤིང་ཚུ་ ཨ་ལོ་བཟུམ་སྦེ་ བལྟ་དགོ་དོ་ཡོད་རུང་ མེ་ཏོག་ཤརཝ་ཅིག་ གླངམོ་ཆེ་ཚུ་འོང་སྟེ་ ཟ་དོ་ཡོདཔ་ཨིན་པས།
རྒཔོ་གིས་སླབ་མིའི་ནང་ རང་བཞིན་གནས་སྟངས་དང་ རི་དྭགས་སེམས་ཅན་སྲུང་སྐྱབ་འབད་ནི་དེ་ ཁག་ཆེ་རུང་ མི་གི་ཉེན་སྲུང་དེ་ཡང་ གཙོ་རིམ་དང་པ་ བྱིན་དགོཔ་འདུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ འགྲོ་བ་མིའི་ རེ་འདོད་ལྟར་དུ་འབད་མ་ཚུགས་པ་ཅིན་ དམངས་གཙོའི་རིང་ལུགས་ལུ་བརྟེན་པའི་ ཕན་ཁྱད་ག་ནི་ཡང་ མིན་འདུག་ཟེར་བཤད་པའི་ཁར་ རི་དྭགས་སེམས་ཅན་ཚུ་གིས་ གནོདཔ་བཀལ་མི་དེ་ལུ་ ཐབས་ཤེས་བཏོན་མ་ཚུགས་པ་ཅིན་ ང་བཅས་ཀྱི་འགན་ཁུར་ འཐུས་ཤོར་དོ་འོང་ནི་མས་ཟེར་ བཤད་པའི་གནས་ཚུལ།

སྐད་སྒྱུར་ བཀྲིས་བསྟན་འཛིན།

About admin

Check Also

མོང་སྒར་ཁྲོམ་ཁར་ སི་སི་ཊི་བི་པར་ཆས་ཚུ་ གཞི་བཙུགས་འབད་ནི།

༉ མོང་སྒར་ཁྲོམ་གྱི་ ས་ཁོངས་ལྟེ་བའི་ནང་ ཉེན་སྲུང་གི་དོན་ལུ་ སི་སི་ཊི་བི་པར་ཆས་ གཞི་བཙུགས་འབད་བའི་བསྒང་ལས་ ས་ཁོངས་དེ་ནང་ ཁྱད་རིག་ལྡན་པའི་ཁྲོམ་གྱི་བསམ་གཞི་ལུ་ གཞི་བཞག་སྟེ་བཟོ་མི་ ཁྲོམ་གྱི་མཐུན་རྐྱེན་ཚུ་ ཚང་ནི་ཨིན་པས། མོང་སྒར་ཁྲོམ་ལྟེ་བ་དེ་ མོང་སྒར་ཁྲོམ་གྱི་འོག་ལུ་ ས་གནས་ས་ཁོངས་འཆར་གཞི་༧ ཡོད་པའི་ནང་ལས་ …

Leave a Reply

Your email address will not be published. Required fields are marked *