བསམ་རྩེ་ལུ་ ལག་རྩལ་ཅན་གྱི་ ལས་མི་འཐོབ་ནི་ལུ་གདོང་ལེན།

༉ རྒྱལ་ཁབ་ནང་ ལག་རྩལ་ཅན་གྱི་ལས་མི་ ཐོབ་མ་ཚུགས་མི་ལུ་བརྟེན་ བསམ་རྩེ་ལུ་ བཟོ་སྐྲུན་གྱི་ལཱ་འབད་མི་ཚུ་ལུ་ དཀའ་ངལ་ཚབས་ཆེན་སྦེ་ར་ བྱུང་དོ་ཡོདཔ་ཨིན་པས།

གནད་དོན་དེ་ལུ་བརྟེན་ སྒེར་གྱི་བཟོ་སྐྲུན་འབད་མི་ མང་ཤོས་ར་ ད་རེས་སྐབས་ཅིག་ཁར་ ལཱ་འབད་མ་ཚུགས་པར་ ཐོགས་ལུས་ཡོདཔ་ཨིན་པས།

བཀྲིས་ཆོས་གླིང་ལུ་ཡོད་མི་ སིབ་སུ་བཟོ་སྐྲུན་སྒེར་སྡེ་གི་ཇོ་བདག་ ཨེཆ་ཀེ་ག་ལེ་གིས་ སླབ་མིའི་ནང་ ལག་རྩལ་ཅན་གྱི་ ལས་མི་མ་ཐོབ་པའི་དཀའ་ངལ་དེ་ ཚབས་ཆེན་སྦེ་ར་ ཐོན་ཏེ་ཡོད་ཟེར་ཨིན་པས།

ཁོ་གིས་སླབ་མིའི་ནང་ ཁོ་གིས་ བཟོ་སྐྲུན་འབད་མི་སྒྲིང་ཁྱིམ་དེ་ ཟླཝ་༥ གི་ནང་འཁོད་ལུ་ མཇུག་བསྡུ་ནིའི་ འཆར་གཞི་ཡོད་རུང་ ད་ལྟོ་ཡང་ མཇུག་བསྡུ་མ་ཚུགས་པར་ཡོད་ཟེར་ཨིན་པས།

བསམ་རྩེ་དང་ བཀྲིས་ཆོས་གླིང་ལུ་ རྡོ་བཟོ་ལས་འགོ་བཙུགས་ ཤིང་བཟོ་དང་ ལྕགས་མཐུད་མིའི་ནང་ ལག་རྩལ་ཅན་གྱི་ ལས་མི་འཐོབ་ནི་དེ་ དཀོན་དྲགས་འདུག་ཟེར་ཨིན་པས།

ད་རེས་ཁམས་ཅིག་ཁར་ ཆ་རོགས་ཅིག་ལུ་ཡོད་མི་ ལག་རྩལ་ཅན་གྱི་ལས་མི་ཚུ་ བརྗེ་སོར་འབད་དེ་ ལཱ་འབད་དོ་ཟེར་ ཁོ་གིས་བཤད་པའི་ཁར་ ང་གིས་ ཁོ་ལུ་མེད་མི་ ལས་མི་ཚུ་བྱིན་ཡོདཔ་བཞིན་དུ་ ང་ལུ་མེད་མི་ལས་མི་ཚུ་ ཁོ་ལས་ ལེན་དོ་ཟེར་ཨིནམ་ད་ དཀའ་ངལ་དེ་ལུ་ ཐབས་ཤེས་ཟེར་རུང་ དེ་སྦེ་འབད་ནི་རྐྱངམ་གཅིག་ ཨིན་མས་ཟེར་ཨིན་པས།

དཔལ་ལྡན་རྡོ་རྗེ་གིས་ སླབ་མིའི་ནང་ འབྲུག་མི་ཚུ་གིས་ བཟོ་སྐྲུན་ལས་སྡེ་ནང་ ལཱ་འབད་བར་ འོང་མི་བཏུབ་པས་ཟེར་ཨིནམ་ད་ ཨེས་ཀེ་ཌི་བཟོ་སྐྲུན་གྱི་ཇོ་བདག་ སེངྒེ་རྡོ་རྗེ་གིས་ བཤད་མིའི་ནང་ འབྲུག་མི་ཚུ་གིས་ བྱང་རྩིག་རྐྱབ་ནིའི་ལཱ་ཚུ་ འབད་ཚུགས་རུང་ སྒྲིང་ཁྱིམ་རྐྱབ་ནིའི་ རིག་རྩལ་མིན་འདུག་ཟེར་ཨིན་པས།

ང་བཅས་རའི་ འབྲུག་མི་ཚུ་ སྒྲིང་ཁྱིམ་རྐྱབ་ནིའི་ནང་ ཁྱད་རིག་མིན་འདུག་ཟེར་ ཁོ་གིས་བཤད་པའི་ཁར་ སྒྲིང་ཁྱིམ་བཟོ་སྐྲུན་ནང་ ལཱ་འབད་ནིའི་ཉམས་མྱོང་མེདཔ་ལས་ རིག་རྩལ་འཐོབ་ནི་ལུ་ དུས་ཚོད་འགོར་ནི་མས་ཟེར་ཨིན་པས།

འབྲུག་མི་ཚུ་གིས་ དེ་བཟུམ་མའི་ལཱ་ནང་ སྦྱང་བ་འབད་འདོད་ཡོད་པ་ཅིན་ དུས་ཚོད་དེ་ ད་ལྟོ་ཨིན་མས་ཟེར་ ཁོ་གིས་ བཤད་ཡོད་པའི་ཁར་ ཨེས་ཀེ་ཌི་བཟོ་སྐྲུན་གྱིས་ འབྲུག་ཡུལ་བཟོ་སྐྲུན་ཐོག་ལས་ ལག་རྩལ་ཅན་གྱི་ལས་མིའི་ མཁོ་འདོད་བཀོད་དེ་ ཐོ་བཀོད་འབད་ཡོད་རུང་ ལས་མི་འཐོབ་ནིའི་དོན་ལུ་ དུས་ཚོད་འགོར་ནི་མས་ཟེར་ སེངྒེ་རྡོ་རྗེ་གིས་ སླབ་ཨིན་པས།

དེ་མ་ཚད་ ད་རེས་སྐབས་ བཟོ་སྐྲུན་གྱི་ ཅ་ཆས་ཚུ་འཐོབ་ཚུགས་པར་ ལཱ་ཁག་བཏང་དོ་ཡོདཔ་ད་ ཅ་ཆས་ཚུ་ ཕུན་ཚོགས་གླིང་ལས་ འབག་འོང་དགོཔ་ལས་ ཟད་འགྲོ་སྦོམ་གནས་དོ་ཡོདཔ་ཨིན་པས།

བུ་དུ་ནས་དང་ དི་ན་གཙང་ཆུའི་ ཟམ་གུ་ལས་ དོ་ཚད་ཅིག་ལས་ འབག་མ་ཆོགཔ་ལས་ བཀྲིས་ཆོས་གླིང་གི་ བཟོ་སྐྲུན་ལས་སྡེ་མང་ཤོས་ཅིག་ལུ་ ཅ་ཆས་སྐྱེལ་འདྲེན་འབད་ནི་དེ་ཡང་ ལཱ་ཁག་ཅིག་ལུ་ གྱུར་ཏེ་ཡོདཔ་ཨིན་པས།

སིབ་སུ་བཟོ་སྐྲུན་གྱི་ ཇོ་བདག་གིས་ སླབ་མིའི་ནང་ ཊ་ཡེལསི་ཚུ་ ཟམ་གུ་ལས་ སྐྱེལ་ལེན་འབད་ནིའི་དོན་ལུ་ སྣུམ་འཁོར་བོ་ལི་རོ་ཚུ་ གླ་ཁར་ལེན་དགོ་པས་ཟེར་ཨིན་པས།

བུ་དུ་ནས་ལུ་ཡོད་མི་ ཟམ་གུ་ལས་ སྣུམ་འཁོར་ཊཱག་༡ དོ་ཚད་ལས་བརྒལ་ འབག་མི་ཚུགས་པས་ཟེར་ ཁོ་གིས་བཤད་པའི་ཁར་ བཀྲིས་ཆོས་གླིང་གི་ མི་ཚུ་གིས་ ས་མཚམས་ས་གནས་ ན་གར་ཀ་ཏ་ལས་ འབག་འོང་དོ་ཡོད་རུང་ ད་རེས་ནངས་པར་ བསམ་རྩེ་དང་ ཕུན་ཚོགས་གླིང་ལས་ འབག་དགོཔ་ལས་ ཟད་འགྲོ་མངམ་ གནསཔ་མས་ཟེར་ཨིན་པས།

འཕྲལ་ཁམས་ཅིག་ཁར་ ཅ་ཆས་ཚུ་ འབག་འོང་ནིའི་དོན་ལུ་ ཕུན་ཚོགས་གླིང་ལུ་ བདུན་ཕྲག་༡ གི་རིང་ བསྒུགས་སྡོད་རུང་ ཅ་ཆས་ཚངམ་སྦེ་ ཐོབ་མ་ཚུགས་ཟེར་ཨིན་པས།

ཊ་ཡེལསི་བཙོང་མི་ འོད་མཚོ་ཚོང་ལས་ཀྱི་ཇོ་བདག་ ས་མིར་པར་དཱན་གྱིས་ སླབ་མིའི་ནང་ ཅ་ཆས་ཀྱི་བཀྲམ་སྤེལ་ཚུ་ དུས་ཚོད་ཁར་ ཐོབ་མ་ཚུགས་རུང་ བསམ་རྩེའི་ བཟོ་སྐྲུན་ལས་སྡེ་ཚུ་ལུ་ བཀྲམ་སྤེལ་འབད་ཚུགས་ཏེ་ཡོད་ཟེར་ཨིན་པས།

ཁོ་གིས་བཤད་མིའི་ནང་ ཁོ་གི་ཚོང་ཁང་ནང་ ད་ལྟོ་ཡང་ ཅ་ཆས་ཚུ་ གསོག་འཇོག་ནང་ཡོད་ཟེར་ཨིནམ་ད་ ཁོ་གི་ནང་ལས་ གོང་ཚད་ཁེ་ཏོག་ཏོ་སྦེ་ཡོད་རུང་ མི་ཚུ་གིས་ ཕུན་ཚོགས་གླིང་ལུ་ར་ འགྱོ་ནི་འདུག་ཟེར་ཨིན་པས།

ནད་ཡམས་ཐོན་པའི་ཤུལ་ལས་ བཟོ་སྐྲུན་ལས་སྡེ་ནང་ ལག་རྩལ་ཅན་གྱི་ ལས་མི་དང་ བཟོ་སྐྲུན་ཅ་ཆས་ཀྱི་རིགས་ཚུ་ ཐོབ་མ་ཚུགས་པའི་ དཀའ་ངལ་ཐོན་ཡོད་རུང་ པར་དཱན་གྱི་ཚོང་འབྲེལ་ལུ་ གདོང་ལེན་ག་ནི་ཡང་ མ་བྱུངམ་ཨིན་པས།

ལས་མི་མ་ལང་པའི་ དཀའ་ངལ་ལུ་བརྟེན་ བསམ་རྩེ་རྫོང་ཁག་ལས་ བཟོ་རིག་པ་དང་ འཕྲུལ་རིག་པ་༣༠ འབད་མི་ སྡེ་ཚན་གྱིས་ ས་ཐོག་དོ་བཞག་སའི་ས་ཁོངས་ནང་ ལཱ་འབད་ནི་འགོ་བཙུགས་ཡོདཔ་ད་ ད་ལྟོ་ སྡེ་ཚན་གྱིས་ དོ་བཞག་ས་ལུ་ ལྟ་རྟོག་ཀ་ཆེན་རྐྱབ་པའི་བསྒང་ཡོདཔ་ཨིན་པས།

སྡེ་ཚན་ནང་ ལཱ་འབད་མི་ཡང་ཨིན་མི་ རྫོང་ཁག་བཟོ་རིག་འགོ་དཔོན་ ཀུན་བཟང་རྡོ་རྗེ་གིས་ སླབ་མིའི་ནང་ ད་ལྟོ་ འཆར་དངུལ་ཡང་ དེ་ཅིག་མེདཔ་ལས་ རྫོང་ཁག་གི་ གོང་འཕེལ་ལཱ་ཚུ་ལུ་ ཐོ་མ་ཕོག་ཟེར་ཨིན་པས།

མ་གཞི་ མི་ཚུ་ཡང་ ནང་འཁོད་ཀྱི་ མི་ཚུ་གིས་ འབད་ཚུགས་མི་ཚུ་ཨིན་མས་ཟེར་ བཟོ་རིག་འགོ་དཔོན་གྱིས་ བཤད་ཡོད་པའི་གནས་ཚུལ།

སྐད་སྒྱུར་ བཀྲིས་བསྟན་འཛིན།

About admin

Check Also

འབྲུག་གིས་ འཛམ་གླིང་སྤྱི་ཚོགས་ཀྱི་གོ་སྐབས་ཚུ་ འདྲ་མཉམ་ཐོབ་སྟེ་ཡོདཔ།

༉ འདས་པའི་ལོ་ངོ་༧༥ འི་རིང་ བཟའ་ཚང་ས་ཡ་ལས་བཅད་མི་ཚུ་ དབུལ་ཕོངས་དང་ འཐབ་འཛིང་ དེ་ལས་ དཀའ་ངལ་ཚུ་ནང་ལས་ བཏོན་ཚུགས་ཡོདཔ་མ་ཚད་ ས་གནས་ཀྱི་ཆགས་ཚུལ་དང་ རྒྱལ་ཁབ་ཀྱི་ཆེ་ཆུང་གི་ཁྱད་པར་ ག་དེ་སྦེ་ར་ཡོད་རུང་ འཛམ་གླིང་གི་ འཐུས་མི་ཅིག་ཨིན་མི་དང་འཁྲིལ་ འབྲུག་གིས་ …

Leave a Reply

Your email address will not be published. Required fields are marked *