བསམ་པཱོལ་སྡེ་ཚན་གྱིས་ རྒྱལ་རྟགས་དང་ གསོལ་རས་ལེན་པའི་བསྒང་།

བསམ་པཱོལ་སྡེ་ཚན་གྱིས་ རྒན་ཤོས་ཕུཌ་བཱོལ་རྩེད་འགྲན་ནང་ལས་ རྒྱལ་ཁ་ཐོབ་ཡོདཔ།

༉ སྤྱི་ཟླ་༦ པའི་ཚེས་༡༢ ལུ་ བསམ་གྲུབ་ལྗོངས་མཁར་ལུ་ བསམ་པཱོལ་དང་ པདྨ་དགའ་ཚལ་སྡེ་ཚན་༢ ཀྱི་བར་ན་ རྒན་ཤོས་ཨོ་པཱན་ཕུཌ་བཱོལ་རྩེན་འགྲན་གྱི་ མཐའ་བཅད་རྩེད་འགྲན་འབད་བའི་སྐབས་ བསམ་པཱོལ་སྡེ་ཚན་གྱིས་ གཱོལ་༦ བཙུགས་ཏེ་ འགྲན་བསྡུར་ལས་ རྒྱལ་ཁ་ཐོབ་ཅི།
བསམ་གྲུབ་ལྗོངས་མཁར་ལུ་ ཚདཔ་ཚ་རུང་ མཐའ་བཅད་རྩེད་འགྲན་འབད་མི་ སྡེ་ཚན་༢ ཆ་ར་ལུ་ དེ་ཅིག་གནོད་མ་ཚུགསཔ་ལས་ རྩེད་འགྲན་འགོ་བཙུགས་ཏེ་ སྐར་མ་༢༣ ལངམ་ད་ བསམ་པཱོལ་གྱི་རྩེད་འགྲན་པ་ ཁེན་ཇར་ཨང་རྟགས་༡༡ འབད་མི་ བདེ་ཆེན་རྣམ་རྒྱལ་གྱིས་ གཱོལ་བཙུགས་ཡོདཔ་བཞིན་དུ་ བྱང་ཕྱད་སྡེ་ཚན་གྱིས་ཡང་ གཱོལ་བཙུགས་ནིའི་ གོ་སྐབས་ལེ་ཤ་ཐོབ་རུང་ གཱོལ་བཙུགས་མ་ཚུགས།
ད་རུང་ བདེ་ཆེན་རྣམ་རྒྱལ་གྱིས་ གཱོལ་བཙུགས་ནིའི་དོན་ལུ་ ཚར་ལེ་ཤ་དཔའ་བཅམ་རུང་ བྱང་ཕྱད་སྡེ་ཚན་གྱི་ རྩེད་འགྲན་པ་ཚུ་གིས་ རྩ་འགེངས་རྩེད་འགྲན་འབད་མི་ལུ་བརྟེན་ ལཱ་ཁག་བཟོ་ཡོདཔ་ལས་ གཱོལ་བཙུགས་མ་ཚུགས་པའི་བར་ན་ རྩེད་འགྲན་བར་མཚམས་དང་པ་དེ་ མཇུག་བསྡུ་ཡི།
རྩེད་འགྲན་གྱི་བར་མཚམས་༢ པའི་ནང་ པདྨ་དགའ་ཚལ་སྡེ་ཚན་གྱིས་ གོ་སྐབས་ལེ་ཤ་ཐོབ་རུང་ གཱོལ་བཙུགས་མ་ཚུགས་པའི་བར་ན་ བདེ་ཆེན་རྣམ་རྒྱལ་གྱིས་ དུས་ཡུན་སྐར་མ་༥༥ དང་༥༨ ལང་མི་ བྱེལཝ་བྱེལ་སར་ གཱོལ་བཙུགས་ཡོདཔ་མ་ཚད་ ད་རུང་ སྡེ་ཚན་གྱི་ ཁེན་ཇར་ཨང་རྟགས་༦ འབད་མི་ བསོད་ནམས་ཚེ་དབང་གིས་ སྐར་མ་༦༡ ལངམ་ད་ གཱོལ་༡ བཙུགས་ཅི།
བདེ་ཆེན་རྣམ་རྒྱལ་གྱིས་ སྐར་མ་༦༩ ལངམ་ད་ ད་རུང་ གཱོལ་༡ བཙུགས་ཡོདཔ་ལས་ བྱང་ཕྱད་སྡེ་ཚན་གྱིས་ཡང་ རྩེད་འགྲན་རྩ་འགེངས་འབད་ནི་དེ་གིས་ སྐར་མ་༧༥ ལང་མི་ སྡེ་ཚན་གྱི་ ཁེན་ཇར་ཨང་རྟགས་༣ བསོད་ནམ་བཟང་པོ་གིས་ གཱོལ་༡ བཙུགས་མི་ལུ་བརྟེན་ རྩེད་འགྲན་སྤྲོ་བ་ཆེ་ཏོག་ཏོ་བྱུང་ཡི།
བསམ་པཱོལ་སྡེ་ཚན་གྱི་ བདེ་ཆེན་རྣམ་རྒྱལ་གྱིས་ ད་རུང་ དུས་ཡུན་སྐར་མ་༨༠ ལངམ་ད་ གཱོལ་བཙུགས་ཏེ་ སྤྲོ་བ་ཆེ་ཏོག་ཏོ་སྦེ་ སྡེ་ཚན་༢ རྩེད་འགྲན་འབད་བའི་བར་ན་ རྩེད་འགྲན་མཇུག་བསྡུ་ཡི།
རྩེད་འགྲན་ལས་ རྒྱལ་ཁ་ཐོབ་མི་ བསམ་པཱོལ་སྡེ་ཚན་གྱིས་ དངུལ་རྐྱང་གི་གསོལ་རས་ དངུལ་ཀྲམ་༣༠,༠༠༠ དང་ རྒྱལ་རྟགས་ཐོབ་ཡོདཔ་བཞིན་དུ་ ཨང་༢ པ་ཐོན་མི་གིས་ དངུལ་ཀྲམ་༢༠,༠༠༠ དང་ རྒྱལ་རྟགས་བྱིན་ཡོདཔ་མ་ཚད་ རྩེད་འགྲན་པ་ཚུ་ལུ་ཡང་ རྒྱལ་རྟགས་རེ་ བྱིན་ཡོདཔ་ཨིན་པས།
རྩེད་འགྲན་དེ་ནང་ པདྨ་དགའ་ཚལ་ ངང་ལམ་ བསམ་གྲུབ་ལྗོངས་མཁར་ བསམ་གྲུབ་ཆོས་གླིང་ ཇོ་མོ་གཙང་ཁ་དང་ གཞལམ་སྒང་པཱན་སྦང་ཚུ་ལས་ སྡེ་ཚན་༡༡ གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ སྡེ་ཚན་རེ་གིས་ འཛུལ་འཐུས་དངུལ་ཀྲམ་༡༠,༠༠༠ སྤྲོད་ཡོདཔ་ཨིན་པས།
འགོ་དཔོན་ཚུ་གིས་ སླབ་མིའི་ནང་ རྩེད་འགྲན་རེ་ལུ་ རྩེད་ཐང་གི་འཐུས་ དངུལ་ཀྲམ་༢,༥༠༠ རེ་ སྤྲོད་དགོ་མི་དང་ མ་དངུལ་གྱི་རྒྱབ་སྐྱོར་མ་ཐོབ་མི་དེ་ གདོང་ལེན་སྦོམ་ཤོས་ཅིག་ཨིན་རུང་ ད་རེས་ཀྱི་ རྩེད་འགྲན་ནང་ རྩེད་ཐང་གི་འཐུས་ བརྒྱ་ཆ་༥༠ བསམ་གྲུབ་ལྗོངས་མཁར་རྩེད་རིགས་ཚོགས་གིས་ རྒྱབ་སྐྱོར་འབད་ཡི་ཟེར་ཨིན་པས།
ཁོང་གིས་འབད་བ་ཅིན་ དེ་བཟུམ་མའི་ རྩེད་འགྲན་འགོ་འདྲེན་འཐབ་མིའི་ དམིགས་ཡུལ་དེ་ རྩེད་རིགས་གོང་འཕེལ་གཏང་ནི་དང་ རྩེད་རིགས་ལུ་ སྤྲོ་བ་ཡོད་མི་དེ་ གཅིག་ཁར་འཛོམས་བཅུག་ཐོག་ལས་ རྩེད་རིགས་ཚུ་ནང་ བཅའ་མར་གཏོགས་བཅུག་ནི་དེ་ཨིནམ་ལས་ འོང་འབབ་བཟོ་ནིའི་དོན་ལུ་མེན་ཟེར་ ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། བསམ་གྲུབ་ལྗོངས་མཁར།

About admin

Check Also

ལཱ་གཡོག་མ་ཐོབ་མི་དེ་ གནད་དོན་ག་ཅི་ཨིན་ན?

༉ རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་དང་འཁྲིལ་བ་ཅིན་ ལཱ་གཡོག་ཐོབ་མི་ཚུགས་པས་ཟེརཝ་ད་ ཧེ་མ་ ལཱ་འབད་ར་ མ་འབད་མི་ལུ་གོ་ཟེར་ཨིནམ་ད་ ལཱ་གཡོག་མེད་མི་ཚུ་གི་གྲས་ལས་ ལཱ་གི་ཉམས་མྱོང་མེད་མི་དེ་ མཐོ་ཤོས་ཨིནམ་སྦེ་ གསལ་སྟོན་འབད་ནུག། དེ་ཡང་ འཕྲལ་ཁམས་ཅིག་ཁར་ གསལ་སྟོན་འབད་མི་ སྤྱི་ལོ་༢༠༡༨ ཀྱི་ …

Leave a Reply

Your email address will not be published. Required fields are marked *