འགོ་དཔོན་ཚུ་གིས་ བསམ་གྲུབ་ལྗོངས་མཁར་གྱི་ འཆར་སྣང་དང་དམིགས་ཡུལ་ འགོ་འབྱེད་འབད་བའི་བསྒང་།

བསམ་གྲུབ་ལྗོངས་མཁར་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྡན་པའི་ ཁྲོམ་སྡེ་ཅིག་སྦེ་བཟོ་ནི།

༉ ཤར་ཕྱོགས་རྫོང་ཁག་ཚུ་གི་གྲས་ལས་ བསམ་གྲུབ་ལྗོངས་མཁར་དེ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྡན་པའི་ ཚོང་འབྲེལ་གྱི་ ཁྲོམ་སྡེ་ཅིག་སྦེ་ བཟོ་ནིའི་དོན་ལུ་ མི་སྡེ་དང་ འབྲེལ་ཡོད་དབང་འཛིན་ཚུ་གིས་ མཉམ་འབྲེལ་ཐོག་ལས་ ལཱ་འབད་ནི་ཨིན་པས།
དེ་འབདཝ་ལས་ བསམ་གྲུབ་ལྗོངས་མཁར་ཚ་གྱང་ཚོགས་པ་གིས་ འབྲུག་བརྡ་བརྒྱུད་དང་ དམངས་གཙོའི་ལྟེ་བ་དང་ མཉམ་འབྲེལ་ཐོག་ ལོ་ངོ་༡༠ ནང་ ཉེན་སྲུང་སྒྲིང་སྒྲི་དང་ འགན་ཁུར་ཅན་གྱི་ མི་སྡེ་ཅིག་སྦེ་ བཟོ་ནིའི་དོན་ལུ་ བསམ་གྲུབ་ལྗོངས་མཁར་གྱི་ འཆར་སྣང་དང་ དམིགས་ཡུལ་དེ་ འགོ་འབྱེད་འབད་ཡི།
དེ་ལས་ འཁྲབ་རྩེདཔ་ཚེ་རིང་རྡོ་རྗེ་གིས་ འགོ་འདྲེན་ཐོག་ བདེ་བ་ཐང་ འཇིགས་མེད་རྣམ་རྒྱལ་བཟོ་རིག་མཐོ་རིམ་སློབ་གྲྭའི་ སློབ་ཕྲུག་ཚུ་གིས་ མི་སྡེ་གོང་འཕེལ་ལ་སོགས་པའི་དོན་ལུ་ གཅིག་སྒྲིལ་དང་གཅིག་མཐུན་ མཉམ་འབྲེལ་འབད་དེ་ ལཱ་འབད་དགོཔ་དེ་ ཁག་ཆེ་བའི་སྐོར་ འཁྲབ་སྟོན་ཅིག་ཡང་སྟོན་ཡི།
འགོ་འབྱེད་སྐབས་ བསམ་གྲུབ་ལྗོངས་མཁར་རྫོང་རབ་ པདྨ་རྡོ་རྗེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ད་རེས་ནངས་པར་ མི་སྡེ་ཚུ་ནང་ འགན་ཁུར་འབག་ཐོག་ ལཱ་འབད་མི་ ག་ཡང་མེདཔ་ལས་ ཞལ་འཛོམས་ལ་སོགས་པ་ཚུ་ནང་ བཅའ་མར་གཏོགས་ཏེ་ མཐུན་ལམ་དང་གཅིག་སྒྲིལ་འབད་དེ་ ལཱ་འབད་དགོཔ་ ཁག་ཆེ་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ མི་མང་དང་མཐུན་པའི་ ཁྲོམ་སྡེ་ཅིག་སྦེ་ བཟོ་ནིའི་དོན་ལུ་ མི་སྡེ་དང་ འབྲེལ་ཡོད་དབང་འཛིན་ཚུ་གིས་ མཉམ་འབྲེལ་ཐོག་ ལཱ་འབད་དགོཔ་བཞིན་དུ་ དེ་ཚུ་འགྲུབ་ནིའི་དོན་ལས་ བསམ་གྲུབ་ལྗོངས་མཁར་ཁྲོམ་གྱི་ འཆར་སྣང་དང་ དམིགས་ཡུལ་འགོ་འབྱེད་འབད་མི་དེ་ ཐབས་ལམ་གཙོ་བོ་ཅིག་ ཨིན་ཟེར་ཨིན་པས།
བསམ་གྲུབ་ལྗོངས་མཁར་ཚ་གྱང་ཚོགས་པའི་ ལས་རིམ་མདོ་ཆེན་ ཆོས་སྐུ་རྡོ་རྗེ་གིས་ སླབ་མིའི་ནང་ སྤྱི་ལོ་༢༠༡༧ ལས་ར་ མི་སྡེ་དབྱེ་སེལ་གྱི་ ལཱ་འབད་ནི་ཚུ་ འགོ་བཙུགས་ཡོདཔ་བཞིན་དུ་ ན་གཞོན་༩༠ ལྷགཔ་ཅིག་ལུ་ མི་སྡེ་གོང་འཕེལ་ལ་སོགས་པའི་ སྦྱོང་བརྡར་ཚུ་ སྤྲོད་ཡོདཔ་མ་ཚད་ གོ་བརྡའི་ལས་རིམ་ཚུ་ཡང་ འགོ་འདྲེན་འཐབ་ཅི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་རེས་ནངས་པར་ མི་ཚུ་གིས་ འཁོར་ལམ་དང་ འཐུང་ཆུ་བཀྲམ་སྤེལ་ལ་སོགས་པའི་ ཞབས་ཏོག་ཚུ་ རྫོང་ཁག་དང་ཁྲོམ་སྡེ་ རྒེད་འོག་ལ་སོགས་པ་ཚུ་གིས་ བཏོན་ནི་ཨིན་པའི་ མནོ་བསམ་བཏངམ་མས་ཟེར་ཨིནམ་ད་ རང་ལུ་རྒྱབ་སྐྱོར་དོག་པ་ཅིན་ གཞན་ལུ་ཡང་ རྒྱབ་སྐྱོར་འབད་དགོཔ་དེ་ ཁག་ཆེ་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ བསམ་གྲུབ་ལྗོངས་མཁར་ཁྲོམ་གྱི་ འཆར་སྣང་དེ་ འབྲུག་ཤར་ཕྱོགས་ལུ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྡན་པའི་ ཚོང་འབྲེལ་ལྟེ་བ་བཟོ་ནི་དང་ དམིགས་ཡུལ་དེ་ ཚོང་འབྲེལ་དང་ སྔར་སྲོལ་ལམ་ལུགས་ཚུ་ ལེགས་སྐྱོང་འབད་ནི་ལུ་ མི་སྡེའི་ཞི་བདེ་དང་འཕྲོད་བསྟེན་ དེ་ལས་ འདྲ་མཉམ་བཟོ་ནི་དེ་ ཨིན་ཟེར་ཨིན་པས།
དེ་ལས་ དམིགས་དོན་དེ་ ཁྲོམ་དང་ འབྲེལ་ཡོད་ཚུ་གི་བར་ན་ མཐུན་ལམ་དང་ མཉམ་འབྲེལ་རྩ་བརྟན་བཟོ་སྟེ་ ཁྲིམས་ལུགས་ཚུ་ ཚུལ་མཐུན་ལག་ལེན་འཐབ་ནི་ ཁྲོམ་སྡེ་དེ་ རང་ལུགས་སྲོལ་རྒྱུན་དང་ མཐའ་འཁོར་འཛིན་སྐྱོང་ཡར་དྲག་གཏང་ཐོག་ གོང་འཕེལ་གཏང་ནི་ མི་སྡེའི་དཔལ་འབྱོར་དང་ སྔར་སྲོལ་ལུ་ལུགས་ འཚོ་ཁམས་ཚུ་ ཡར་དྲག་གཏང་ནིའི་དོན་ལུ་ དོན་དག་ཡོད་པའི་ སྤྲོ་སྟོན་གྱི་ མཐུན་རྐྱེན་ཚུ་ གཞི་བཙུགས་འབད་ནི་ དེ་ལས་ ཚོང་འབྲེལ་དང་ ལམ་སྲོལ་ཚུ་ ལེགས་སྐྱོང་འབད་ནི་ལུ་ མི་སྡེའི་ཞི་བདེ་དང་འཕྲོད་བསྟེན་ དེ་ལས་ འདྲ་མཉམ་ཚུ་ལུ་ གཙོ་རིམ་བཟུང་ནི་དེ་ཨིན་པས།
ཆོས་སྐུ་རྡོ་རྗེ་གིས་ སླབ་མིའི་ནང་ བསམ་གྲུབ་ལྗོངས་མཁར་ཁྲོམ་གྱི་ འཆར་སྣང་དང་ དམིགས་ཡུལ་གྱི་དོན་ལུ་ ལས་འགུལ་ལ་སོགས་པ་ ག་ནི་ཡང་མེདཔ་ལས་ དེ་ཚུ་ ལག་ལེན་འཐབ་སྟེ་ གྲུབ་འབྲས་ཅན་བཟོ་ནི་དེ་ མི་སྡེ་དང་ འབྲེལ་ཡོད་དབང་འཛིན་ཚུ་གི་ འགན་ཁུར་ཨིན་ཟེར་ཨིན་པས།
འབྲུག་བརྡ་བརྒྱུད་དང་ དམངས་གཙོའི་ལྟེ་བ་ལས་ གནས་ཚུལ་གསར་བཏོན་དང་འཁྲིལཝ་ད་ མི་སྡེ་གོང་འཕེལ་གྱི་ ལས་རིམ་དེ་ མི་ཚུ་ གྲོས་ཆོད་བཏོན་ནི་དང་ འཆར་གཞི་བཟོ་ནི་ཚུ་ནང་ བཅའ་མར་གཏོགས་བཅུག་ནི་དེ་ཨིནམ་ལས་ བསམ་གྲུབ་ལྗོངས་མཁར་ཁྲོམ་གོང་འཕེལ་གྱི་དོན་ལུ་ འཆར་སྣང་དང་ དམིགས་ཡུལ་གྱིས་ ལམ་སྟོན་ཅིག་སྦེ་ ཕན་ཐོགས་འབྱུང་འོང་ཟེར་ཨིན་པས།
གནས་ཚུལ་གསར་བཏོན་ནང་ བཀོད་མིའི་ནང་ མི་སྡེ་དབྱེ་སེལ་གྱི་ ལས་རིམ་སྐབས་ བསམ་གྲུབ་ལྗོངས་མཁར་རི་ཁེ་ལུ་ ཚོད་བསྲེ་བཙོང་ཁྱིམ་དང་ འབྱ་འཛུགས་སྐྱོང་བསྐྱར་བཙུགས་ བདེ་བ་ཐང་ལུ་ ན་གཞོན་ལྟེ་བ་གསརཔ་དང་ མན་ཆ་རི་ལུ་ མཆོད་རྟེན་ཉམས་བཅོས་འབད་ཡི་ཟེར་ ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། བསམ་གྲུབ་ལྗོངས་མཁར།

 

About admin

Check Also

གནས་ཚུལ་མདོར་བསྡུས།

སྤྱི་ཟླ་༡༡ པའི་ཚེས་༧ ལུ་ ཐིམ་ཕུག་བདེ་ཆེན་ཕུག་གི་ ལོ་བསྟར་ཚེས་བཅུ་ འགོ་འདྲེན་འཐབ་པའི་སྐབས་ དད་ཅན་བརྒྱ་ལས་བཅད་དེ་ འཛོམས་མི་ཚུ་ལུ་ ཞྭ་ནག་རྔ་འཆམ་དང་ དགེ་བསྙེན་སྐུ་འཆམ་ ཤ་རྫམ་ རྔ་འཆམ་ཚུ་ མཇལ་ཁ་གནང་ཡོདཔ་བཞིན་དུ་ ལོ་བསྟར་ཚེས་བཅུ་དེ་ སྤྱི་ལོ་༢༠༠༣ …

Leave a Reply

Your email address will not be published. Required fields are marked *