ཀ་ལི་ནང་ ཆུ་ཡོད་མེད་ལྟ་བའི་བསྒང་།

བསམ་གྲུབ་ལྗོངས་མཁར་ ཡར་ཕུག་སྤྱི་འོག་ནང་ འཐུང་ཆུ་མ་ལང་པའི་ དཀའ་ངལ་བྱུང་སྟེ་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ ཝང་ཕུག་རྒེད་འོག་ ཡར་ཕུག་སྤྱི་འོག་ནང་ འཐུང་ཆུ་མ་ལང་པའི་ དཀའ་ངལ་ལུ་བརྟེན་ དུས་ཨ་རྟག་ར་ ཀ་ལི་ནང་ བསགས་སྡོད་མི་ཆུ་ བཟེད་དགོ་པའི་གདོང་ལེན་ བྱུང་དོ་ཡོདཔ་ཨིན་པས།
ཡར་ཕུག་སྤྱི་འོག་དེ་ ཝང་ཕུག་རྒེད་འོག་གི་ གཡུས་ཚན་སྦོམ་ཤོས་ཅིག་ཨིནམ་བཞིན་དུ་ གཡུས་ཚན་གཞན་ཚུ་ནང་ ཁྱིམ་གུང་པ་རེ་ལུ་ འཐུང་ཆུའི་ཀ་ལི་རེ་ཡོད་རུང་ སྤྱི་འོག་ནང་ ཁྱིམ་གུང་པ་༢ དང་༣ དེ་ཅིག་བསྡོམས་ཏེ་ ཀ་ལི་རེ་ལས་བརྒལ་མེད་པའི་ དཀའ་ངལ་ཚུ་ཡང་འདུག།
ཡར་ཕུག་ལས་ སངས་རྒྱས་དབང་མོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ གནམ་བྱཱར་ལུ་ ཆུ་དུམ་གྲ་རེ་ འོང་དོ་ཡོད་རུང་ གནམ་དགུན་ལུ་ ཆུ་རྩ་ལས་མེད་པའི་ དཀའ་ངལ་ཡོདཔ་བཞིན་དུ་ དམངས་ཀྱི་ལྷ་ཁང་དང་ ཉེ་འདབས་ཀྱི་ ཁྱིམ་གུང་པ་༣ དེ་ཅིག་ཡོད་མི་ཚུ་ བགོ་བཤའ་རྐྱབ་དགོ་ནི་དེ་གིས་ ལང་མི་ཚུགས་པས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཆུ་ལག་ལེན་འཐབ་པའི་སྐབས་ ལྷ་ཁང་ནང་ ཆོས་ཕྱོགས་ཀྱི་ལས་རིམ་ཚུ་ འགོ་འདྲེན་འཐབ་ད་ ཆུ་ལྷོད་ནི་མེད་པའི་ གདོང་ལེན་ཚུ་ཡོདཔ་མ་ཚད་ ལྷ་ཁང་གི་ སྦོ་ལོགས་ཁར་ ཁྱིམ་ཡོད་ནི་དེ་གིས་ འཕྲལ་འཕྲལ་མི་ཚུ་གིས་ གསང་སྤྱོད་ཡང་ ལག་ལེན་འབད་ད་ ཆུ་མེད་མི་ལུ་བརྟེན་ ཆབ་གསང་གང་བའི་ དཀའ་ངལ་ཡོད་ཟེར་ཨིན་པས།
སོ་ནམ་པ་ དྲག་པ་ཆོས་རྒྱལ་གྱིས་ སླབ་མིའི་ནང་ རྒེད་འོག་བདག་སྐྱོང་དང་ འབྲེལ་ཡོད་དབང་འཛིན་གཞན་ཚུ་གིས་ འཐུང་ཆུའི་མཐུན་རྐྱེན་ཚུ་ གནང་ཡི་ཟེར་ཨིན་རུང་ གཡུས་ཚན་སྦོམ་ཡོད་པའི་ཁར་ འཕྲལ་འཕྲལ་ར་ ཆུ་རྐ་སྐམ་ནི་འབད་དོ་ཡོད་མི་དེ་གིས་ ཆུ་ཆུང་ཀུ་གྱུར་ཡོདཔ་ལས་ ལང་མི་ཚུགས་པས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ རྒེད་འོག་བདག་སྐྱོང་ལ་སོགས་པ་ཚུ་གིས་ ད་ལྟོ་ལས་ར་ ཐབས་ཤེས་མ་བཏོན་པ་ཅིན་ མ་འོངས་པར་ ཨ་ལོ་ཚུ་གི་སྐབས་ ཆུའི་དཀའ་ངལ་སྦོམ་ར་ འཐོན་སྲིད་ནི་མས་ཟེར་ཨིནམ་ད་ གནད་དོན་དེ་གི་སྐོར་ལས་ ཁོ་གིས་ སྙན་ཞུ་མ་འབད་རུང་ གཡུས་མི་གཞན་ཚུ་གིས་ ཚོགས་པ་བརྒྱུད་དེ་ རྒེད་འོག་ལུ་ སྙན་ཞུ་འབད་ནུག་ཟེར་ཨིན་པས།
གཡུས་མི་གཞན་ཚུ་གིས་ སླབ་མིའི་ནང་ སྤྱི་འོག་དེ་ནང་ སོ་ནམ་པ་ཚུ་གིས་ ཚོད་བསྲེ་ལ་སོགས་པ་ཚུ་ འཛུགས་སྐྱོང་འབད་དེ་ ཚོང་འབྲེལ་འཐབ་མི་དེ་གིས་ འོང་འབབ་ལེགས་ཤོམ་ བཟོ་ཚུགས་དོ་ཡོད་རུང་ ད་རེས་ནངས་པར་ ཆུ་མ་ལང་པའི་ དཀའ་ངལ་ལུ་བརྟེན་ ཚོད་བསྲེ་ཚུ་ཡང་ སྐམ་ཚར་ནུག་ཟེར་ཨིན་པས།
ཁོང་གིས་འབད་བ་ཅིན་ ཆུ་མ་ལང་པའི་བསྒང་ལས་ སློབ་གྲྭ་ནང་འགྱོ་མི་ ཨ་ལོ་ཚུ་གི་ བཞེས་སྒོ་འབད་ནི་དང་ སྒྲིག་གོ་ལ་སོགས་པ་ཚུ་འཁྱུ་ནིའི་གདོང་ལེན་ཡོདཔ་མ་ཚད་ གཙང་སྦྲ་འཕྲོད་བསྟེན་ཡང་ བཏོན་མི་ཚུགས་དོ་ཡོདཔ་ལས་ རྒེད་འོག་ལ་སོགས་པའི་ འབྲེལ་ཡོད་དབང་འཛིན་ཚུ་གིས་ འཕྲལ་མགྱོགས་ར་ དཀའ་ངལ་བསལ་བྱིན་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ཨིན་པས།
ཡར་ཕུག་སྤྱི་འོག་གི་ཚོགས་པ་ རྡོ་རྗེ་བསྟན་པ་གིས་ སླབ་མིའི་ནང་ སྤྱི་འོག་ནང་ ཆུ་དུམ་གྲ་རེ་ འོང་དོ་ཡོད་རུང་ ཆུ་རྐ་ཆུང་ཀུ་ཡོད་པའི་ཁར་ ལག་ལེན་འཐབ་མི་ ཁྱིམ་གུང་པ་ལེ་ཤ་ཡོདཔ་ལས་ གནམ་དགུན་ཟླཝ་༣ དེ་ཅིག་གི་རིང་ ཆུ་རྩ་ལས་ འོང་ནི་མེད་པའི་ དཀའ་ངལ་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ སྤྱི་འོག་ནང་ ཆུ་མ་ལང་པའི་དཀའ་ངལ་སྐོར་ མི་ཚུ་གིས་ ལོག་ཅི་ར་ སླབ་ནི་དེ་གིས་ སྤྱི་འོག་འཛོམས་འདུ་འགོ་འདྲེན་འཐབ་སྟེ་ འཆར་གཞི་༡༢ པའི་ནང་ འཐུང་ཆུ་ལངམ་སྦེ་ དགོ་པའི་སྐོར་ལས་ རྒེད་འོག་ཚོགས་སྡེའི་ནང་ གྲོས་འཆར་ཕུལ་ཡོདཔ་བཞིན་དུ་ རྒེད་འོག་གིས་ མ་དངུལ་གནང་ནི་སྦེ་ གྲོས་ཆོད་བྱུང་སྟེ་ ཡོད་ཟེར་ཨིན་པས།
ཝང་ཕུག་རྒཔོ་ སངས་རྒྱས་བསྟན་འཛིན་གྱིས་ སླབ་མིའི་ནང་ སྤྱི་འོག་ནང་ འཐུང་ཆུ་མ་ལང་པའི་ དཀའ་ངལ་ཡོདཔ་ལས་ རྒེད་འོག་བདག་སྐྱོང་གིས་ ཉམས་བཅོས་འབད་ཐོག་ལས་ རི་ཚ་ལོ་དང་ ཝང་ཕུག་རི་ལས་ འཐུང་ཆུ་བཏོན་རུང་ གཡུས་ཚན་སྦོམ་ནི་དེ་གིས་ ད་ལྟོ་ཡང་ ལང་མ་ཚུགས་པའི་ དཀའ་ངལ་འདུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ འཐུང་ཆུའི་དཀའ་ངལ་དེ་ བསལ་ཐབས་ལུ་ ཆུ་རྐ་༢ ནང་ ཆུ་མཛོད་རྐྱབ་སྟེ་ གསོག་འཇོག་འབད་ཐོག་ལས་ བཀྲམ་སྤེལ་འབད་ནིའི་དོན་ལུ་ རྒེད་འོག་གིས་ མ་དངུལ་ དངུལ་ཀྲམ་ས་ཡ་༡.༥ དེ་ཅིག་ ཆ་འཇོག་འབད་དེ་ཡོད་ཟེར་ཨིནམ་ད་ རི་ཚ་ལོ་དེ་ སྤྱི་འོག་ལས་ ཀི་ལོ་མི་ཊར་༩ དང་ ཝང་ཕུག་རི་དེ་ ཀི་ལོ་མི་ཊར་༥ དེ་ཅིག་གི་ས་ཁར་ ཡོད་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། ཡར་ཕུག།

 

About admin

Check Also

ལྷོ་ཨེ་ཤི་ཡ་ལུང་ཕྱོགས་མི་དམངས་མཁོ་སྒྲུབ་ཞལ་འཛོམས་ ནངས་པར་མཇུག་བསྡུ་ནི།

༉ ལྷོ་ཨེ་ཤི་ཡའི་ ལུང་ཕྱོགས་འཐུས་མི་རྒྱལ་ཁབ་༨ ནང་ མི་དམངས་མཁོ་སྒྲུབ་དང་འབྲེལ་བའི་ལམ་ལུགས་དང་ ཁྲིམས་འབྲེལ་གྱི་ལཱ་ཚུ་ ཡར་དྲག་སོང་སྟེ་ཡོད་རུང་ བསྟར་སྤྱོད་འབད་ནིའི་ནང་ གདོང་ལེན་འབྱུང་བཞིན་དུ་ཡོདཔ་ལས་ མི་དམངས་མཁོ་སྒྲུབ་ཞལ་འཛོམས་ཐེངས་༦ པ་དེ་ ཁྱད་རིག་མཁོ་སྒྲུབ་འབད་ནིའི་བརྗོད་དོན་ཐོག་ལུ་ འགོ་འདྲེན་འཐབ་པའི་བསྒང་ཡོདཔ་ཨིན་པས། ཞལ་འཛོམས་དེ་ཡང་ ཨེ་ཤི་ཡཱན་གོང་འཕེལ་དངུལ་ཁང་དང་ …

Leave a Reply

Your email address will not be published. Required fields are marked *