སྣུམ་འཁོར་བཅོ་མི་མེད་པར་ སྟོངམ་ལུས་མི་ སྣུམ་འཁོར་བཅོ་ཁང་།

བསམ་གྲུབ་ལྗོངས་མཁར་ལུ་ སྣུམ་འཁོར་བཅོ་མི་ མེད་པའི་གདོང་ལེན།

༉ སྐྱེས་ལོ་༣༥ ལང་མི་ བསོད་ནམས་སྟོབས་རྒྱས་དེ་ དྲོ་པ་དང་ ཕྱི་རུ་ཨ་རྟག་ར་ བསམ་གྲུབ་ལྗོངས་མཁར་གྱི་ སྣུམ་འཁོར་བཅོ་ཁང་ཚུ་བདའ་སྟེ་འགྱོ་སར་ མཐོངམ་ཨིན་པས།
དེ་ཡང་ ཁོ་གི་ སྣུམ་འཁོར་དེ་ ཚ་ལ་གཏང་སྟེ་ ཉམས་བཅོས་འབད་ཚུགས་པའི་ རེ་བ་བསྐྱེད་རུང་ བཅོ་ཁང་ཚུ་ནང་ རིག་རྩལ་ལྡན་པའི་ སྣུམ་འཁོར་བཅོ་མི་མེདཔ་ལས་ ད་ལྟོའི་བར་ན་ཡང་ སྣུམ་འཁོར་བཅོ་མ་ཚུགས་པར་ ཟླཝ་༡ ལྷགཔ་ཅིག་ ལང་ཡོདཔ་ཨིན་པས།
བསོད་ནམས་སྟོབས་རྒྱས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ སྣུམ་འཁོར་མ་རུ་ཏི་ཀཱར་གུ་ དོང་ཐོན་མི་ཚུ་ ཚ་ལ་རྐྱབ་སྟེ་ བཅོ་ཁ་རྐྱབ་དགོཔ་ཡོད་རུང་ བཅོ་ཁང་༢ ནང་རྐྱངམ་གཅིག་ ཚ་ལ་གཏང་དོ་ཡོདཔ་ལས་ ཉམས་བཅོས་འབད་མ་ཚུགས་པར་ ཟླཝ་ལྷག་སོ་ཡི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ནད་ཡམས་ཀོ་བིཌ་-༡༩ ལུ་བརྟེན་ རིག་རྩལ་ལྡན་པའི་ རྒྱ་གར་གྱི་ སྣུམ་འཁོར་བཅོ་མི་ཚུ་ ལོག་ཡར་སོཔ་ལས་ ད་རེས་ སྣུམ་འཁོར་བཅོ་ཁང་དེ་༢ ནང་ མང་ཤོས་ར་ སྣུམ་འཁོར་ཊཱག་གི་ དེད་གཡོགཔ་ཁོང་ར་གིས་ བཅོ་ཁ་རྐྱབ་སར་ མཐོངམ་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ རྒྱལ་ཁབ་ནང་ ལག་ཤེས་སྦྱོང་བརྡར་སྤེལ་ཁང་ཚུ་ལས་ སྦྱོང་བརྡར་མཐར་འཁྱོལ་མི་ ལེ་ཤ་ཡོདཔ་ལས་ བཅོ་ཁང་གི་ ཇོ་བདག་ཚུ་གིས་ ཁོང་ཆ་ཁྱབ་ལུ་ གོ་སྐབས་བྱིན་པ་ཅིན་ བཅོ་ཁང་གི་ ཞབས་ཏོག་བྱིན་མི་དང་ སྤྱོད་མི་༢ ཆ་ར་ལུ་ ཕན་ཐོགས་འབྱུང་འོང་ཟེར་ཨིན་པས།
དེ་བཟུམ་སྦེ་ བཅོ་ཁང་ཚུ་ནང་ རྒྱ་གར་གྱི་མི་ཚུ་ལུ་ བརྟེན་སྡོད་དགོཔ་བཞིན་དུ་ སྣུམ་འཁོར་བཅོ་ནིའི་ནང་ ཉམས་མྱོང་ཡོད་མི་ འབྲུག་མི་མང་ཤོས་ཅིག་ ལཱ་གཡོག་འཐོབ་མ་ཚུགས་པའི་ དཀའ་ངལ་བྱུང་ཡོད་མི་ཚུ་གིས་ སྣུམ་འཁོར་བཅོ་ཁང་ཚུ་ནང་ ལཱ་གཡོག་ལེན་ནིའི་ གོ་སྐབས་ལེགས་ཤོམ་ཨིན་ཟེར་ བསོད་ནམ་སྟོབས་རྒྱས་ཀྱིས་ བཤདཔ་ཨིན་པས།
བསོད་ནམས་སྟོབས་རྒྱས་ཀྱིས་ ཉམས་མྱོང་ཡོད་མི་ འབྲུག་མི་ཚུ་གིས་ སྣུམ་འཁོར་བཅོ་ཁང་ཚུ་ནང་ ལཱ་གཡོག་ལེན་མ་བཏུབ་མི་དང་ དངུལ་ཕོགས་ལེ་ཤ་མཁོ་འདོད་བཀོད་མི་དེ་ བཅོ་ཁང་གི་ ཇོ་བདག་ཚུ་གིས་ རྒྱ་གར་གྱི་མི་ཚུ་ ལེན་དོ་ཡོད་མི་ལུ་བརྟེན་ཨིན་མས་ཟེར་ བཤདཔ་ཨིན་པས།
གཞན་ཚུ་གིས་ སླབ་མིའི་ནང་ གཞུང་གི་ཁ་ཐུག་ལས་ རྒྱ་གར་ལས་ རིག་རྩལ་ལྡན་པའི་ ལས་མི་ཚུ་ལེན་ནིའི་ གོ་སྐབས་གནང་སྟེ་ ཟླཝ་ལྷག་སོ་རུང་ ད་ལྟོའི་བར་ན་ཡང་ ལེན་ནི་མེད་པའི་ཁར་ ཉམས་མྱོང་ཡོད་མི་ འབྲུག་མི་ཚུ་ལུ་ཡང་ ལཱ་གཡོག་བྱིན་ནི་མིན་འདུག་ཟེར་ཨིན་པས།
ཁོང་གིས་འབད་བ་ཅིན་ ད་རེས་ སྣུམ་འཁོར་བཅོ་ཁང་གི་ ཇོ་བདག་ཚུ་གིས་ སྣུམ་འཁོར་ཚུ་ དུམ་གྲ་ཅིག་ལས་ བཅོ་ཁ་མ་རྐྱབ་རུང་ འཐུས་ལེ་ཤ་ལེན་པའི་ཁར་ ཅ་ཆས་ཚུ་ལུ་ཡང་ གོང་ཚད་ལོག་ལྟབ་ཀྱིས་ འཐེབ་ལེན་དོ་ཡོད་མི་ལུ་བརྟེན་ ལྟ་རྟོག་འབད་མི་ཡང་ མིན་འདུག་ཟེར་ཨིན་པས།
སྣུམ་འཁོར་བཅོ་ཁང་གི་ ཇོ་བདག་ཚུ་གིས་ སླབ་མིའི་ནང་ བཅོ་ཁང་གི་དོན་ལུ་ རྒྱ་གར་ལས་ རིག་རྩལ་ཡོད་པའི་ ལས་མི་ཚུ་ལེན་ནིའི་ ཐོ་བཀོད་འབད་དེ་ཡོད་རུང་ ཁོང་གི་ ཟུར་བཞག་གི་ ཟད་འགྲོ་ཚུ་ གཏང་དགོ་པའི་ཁར་ ག་དེམ་ཅིག་སྦེ་ ཀོ་བིཌ་-༡༩ ཐོབ་ཡོདཔ་སྦེ་ བདའ་ཟུན་པ་ཅིན་ དེའི་ཟད་འགྲོ་ཚུ་ཡང་ གཏང་དགོཔ་ལས་ ལཱ་ཁག་གཏང་ནི་མས་ཟེར་ཨིན་པས།
ཁོང་གིས་འབད་བ་ཅིན་ ད་རེས་ བཅོ་ཁང་ཚུ་ནང་ རིག་རྩལ་ཡོད་པའི་ ལས་མི་ཚུ་མེདཔ་ལས་ རིག་རྩལ་ལྡན་པའི་ འབྲུག་མི་ཚུ་ཡང་ལེན་ནིའི་ དཔའ་བཅམ་ཅི་ཟེར་ཨིནམ་ད་ དེ་གིས་ ཇོ་བདག་དང་ ཞབས་ཏོག་སྤྱོད་མི་ག་ར་ལུ་ གདོང་ལེན་བྱུང་ཡོདཔ་ལས་ ཐབས་ལམ་ཚུ་ བཏོན་དོ་ཟེར་ ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། བསམ་གྲུབ་ལྗོངས་མཁར།

 

About admin

Check Also

གནམ་གཤིས་འགྱུར་བགྲོད་ཀྱིས་ སྐྱེ་ལྡན་རིགས་སྣ་ལུ་གནོད་ཉེན།

༉ རྒྱལ་སྤྱི་འཛམ་གླིང་ནང་ སྐྱེ་ལྡན་རིགས་སྣ་༡༡,༠༠༠ དེ་ཅིག་ཡོད་མི་ལས་ འབྲུག་རྒྱལ་ཁབ་འདི་ སྐྱེ་ལྡན་རིགས་སྣ་གིས་ ཕྱུག་མི་ཅིག་ཨིནམ་ད་ རྒྱལ་ཁབ་ཀྱི་ས་ཁོངས་དང་ སའི་ཆགས་ཚུལ་ སའི་དབྱིབས་དང་འཁྲིལ་ ཤིང་སྣ་དང་ སྲོག་ཆགས་སྣ་ཚོགས་ཀྱིས་ གང་ཡོདཔ་ཨིན། ཨིན་རུང་ འཛམ་གླིང་གངས་ལྗོངས་ནང་ …

Leave a Reply

Your email address will not be published. Required fields are marked *