བསམ་གྲུབ་ལྗོངས་མཁར་ལུ་ སྣུམ་འཁོར་བཅོ་ཁང་གི་ འཁོར་ལམ་ཚུ་ སྐྱོ་དྲགས་ཐལ་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་གྱི་ སྣུམ་འཁོར་བཅོ་ཁང་ས་ཁོངས་དེ་ ཆརཔ་རྐྱབ་པའི་སྐབས་ ཆུ་འཁྱིལ་སྡོད་པའི་ཁར་ ཉིམ་ཤརཝ་ད་ ཐལཝ་ཁོག་ཁོ་སྦེ་སྡོད་སར་ མཐོང་གསལ་བྱུངམ་མས།

དེ་ཡང་ སྣུམ་འཁོར་བཅོ་ཁང་ས་ཁོངས་ཀྱི་ འཁོར་ལམ་ཚུ་ ཧོག་ཀ་ཐོན་ནི་དེ་གིས་ འཁོར་ལམ་གྱི་ གནས་སྟངས་ལེགས་ཤོམ་ མེད་མི་ལུ་བརྟེན་ཨིནམ་ད་ འཁོར་ལམ་དེ་ འབྲེལ་ཡོད་དབང་འཛིན་ཚུ་གིས་ ཉམས་བཅོས་མ་འབད་བར་ ལོ་དག་པ་ཅིག་ ལང་ཡོདཔ་ཨིན་པས།

སྣུམ་འཁོར་བཅོ་ཁང་ཅིག་ནང་ སྣུམ་འཁོར་བཟོ་བར་འོང་མི་ རིན་འཛིན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ སྣུམ་འཁོར་བཅོ་ཁང་གི་ འཁོར་ལམ་ཚུ་ ཉིནམ་གཅིག་བ་ཉིནམ་གཅིག་ སྐྱོ་དྲགས་ཐལཝ་མས་ཟེར་ཨིནམ་ད་ ད་རེས་ འཁོར་ལམ་ཚུ་ག་ར་ ཧོག་ཀ་ཐོན་ཡོདཔ་ལས་ སྣུམ་འཁོར་ཆུང་ཀུ་ཚུ་ ལཱ་ཁག་བཏངམ་མས་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ འཁོར་ལམ་ཚུ་ ཉམས་བཅོས་མ་འབད་བར་ ལོ་ལེ་ཤ་སོང་ཡོདཔ་བཞིན་དུ་ འཁོར་ལམ་ཚུ་ཡང་ རྒྱ་ཆུང་ཀུ་ཡོདཔ་ལས་ རྒྱ་སྐྱེད་འབད་དགོཔ་འདུག་ཟེར་ཨིནམ་ད་ འཁོར་ལམ་ལྟ་རྟོག་འབད་ནིའི་ འགན་ཁུར་དེ་ ག་ལུ་ཕོགཔ་ཨིན་ན་ མི་ཤེས་པས་ཟེར་ཨིན་པས།

སྐྱེས་ལོ་༤༥ ལང་མི་ བསྟན་འཛིན་གྱིས་ སླབ་མིའི་ནང་ སྣུམ་འཁོར་ཚུ་ བཅོ་ཁ་རྐྱབ་པར་འགྱོ་བའི་སྐབས་ ལམ་རྒྱ་ཆུང་ཀུ་ཡོད་ནི་དེ་གིས་ སྣུམ་འཁོར་ཚུ་ མ་ཤོང་པའི་ གདོང་ལེན་འདུག་ཟེར་ཨིནམ་ད་ མི་ཚུ་གིས་ བཅོ་ཁང་གི་ཞབས་ཏོག་ཚུ་ ལེགས་ཤོམ་སྤྱོད་ཐབས་ལུ་ འཁོར་ལམ་ཉམས་བཅོས་འབད་དགོཔ་ ཁག་ཆེ་ཟེར་ཨིན་པས།

མི་གཞན་ཚུ་གིས་ སླབ་མིའི་ནང་ འཁོར་ལམ་བདའ་སྟེ་ ཆུ་འཁྱིལ་སྡོད་མི་དེ་ ཆུའི་གཡུར་བ་ཚུ་ བསུབས་ཡོད་མི་ལུ་བརྟེན་ཨིནམ་ལས་ དང་པ་ར་ གཡུར་བ་ལེགས་ཤོམ་བཟོ་དགོཔ་ ཁག་ཆེ་ཟེར་ཨིནམ་ད་ འཁོར་ལམ་ཉམས་བཅོས་འབད་ནིའི་ འགན་ཁུར་དེ་ བཅོ་ཁང་གི་ ཇོ་བདག་ཚུ་དང་ ཁྲོམ་སྡེ་༢ ལས་ ག་ལུ་ཕོགཔ་ཨིན་ན་ཟེར་ཨིན་པས།

སྣུམ་འཁོར་བཅོ་ཁང་གི་ ཇོ་བདག་ཚུ་གིས་ སླབ་མིའི་ནང་ འཁོར་ལམ་གྱི་ གནས་སྟངས་སྐྱོ་དྲགས་ཐལ་མི་དེ་གིས་ ཚོང་འབྲེལ་ལུ་ གནོད་ཉེན་ཡོདཔ་ལས་ ཁོང་ཆ་ཁྱབ་ཀྱིས་ འཁོར་ལམ་དང་གཡུར་བ་ཚུ་ ཉམས་བཅོས་འབད་བཞིན་དུ་ཡོད་རུང་ ཨ་རྟག་ར་ ཉམས་བཅོས་འབད་ནི་ལུ་ གདོང་ལེན་འདུག་ཟེར་ཨིན་པས།

ཁོང་གིས་འབད་བ་ཅིན་ འབྲེལ་ཡོད་དབང་འཛིན་ཚུ་གིས་ཡང་ འཁོར་ལམ་གྱི་ གནས་སྟངས་དེ་ལུ་ ལྟ་རྟོག་མི་འབད་དོ་ཡོདཔ་ལས་ ཚ་གྱང་ལང་དོ་ཡོད་མི་ལུ་བརྟེན་ ཁྲོམ་སྡེ་ལ་སོགས་པའི་ དབང་འཛིན་ཚུ་གིས་ ཉམས་བཅོས་འབད་བ་ཅིན་ བཅོ་ཁང་གི་ ཚོང་འབྲེལ་འཐབ་མི་དང་ ཞབས་ཏོག་སྤྱོད་མི་༢ ཆ་ར་ལུ་ ཕན་ཐོགས་འབྱུང་ནི་མས་ཟེར་ཨིན་པས།

ཁྲོམ་སྡེའི་བཀོད་ཁྱབ་དྲུང་ཆེན་ ལྟའུ་རྒྱས་ཆོས་གྲུབ་ཀྱིས་ སླབ་མིའི་ནང་ ཨེ་ཤི་ཡཱན་གོང་འཕེལ་དངུལ་ཁང་གི་ ལས་འགུལ་ཐོག་ དངུལ་ཀྲམ་ས་ཡ་༡༣༧ དེ་ཅིག་གི་ ས་འོག་བཙོག་གཡུར་བཟོ་སྐྲུན་གྱི་ལཱ་ཚུ་ ཁག་འབགཔ་ལུ་ སྤྲོད་ཡོདཔ་བཞིན་དུ་ ད་ལྟོ་ ནད་ཡམས་ལུ་བརྟེན་ གནས་སྟངས་ལེགས་ཤོམ་མེདཔ་ལས་ ལཱ་འགོ་བཙུགས་ནིའི་ བཀའ་རྒྱ་མ་བྱིན་པར་ཡོད་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ བཙོག་གཡུར་ཚུ་ ས་འོག་ལས་ བཏོན་དགོ་མི་ལུ་བརྟེན་ འཁོར་ལམ་ཉམས་བཅོས་འབད་རུང་ ལོག་མེདཔ་ཐལ་ནི་ཨིནམ་ལས་ ད་ལྟོ་ ཉམས་བཅོས་འབད་ནིའི་ འཆར་གཞི་མེད་རུང་ ཧོག་ཀ་ཐོན་ཡོད་མི་ཚུ་ འཕྲལ་མགྱོགས་ར་ བསུབ་ནི་ཟེར་ ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། བསམ་གྲུབ་ལྗོངས་མཁར།

About admin

Check Also

མོང་སྒར་ལུ་ ས་སྣུམ་མ་ལང་པའི་ དཀའ་ངལ་ཐོན་ཡོདཔ།

༉ མོང་སྒར་ཁྲོམ་ནང་སྡོད་མི་ སྣུམ་འཁོར་ཆུང་བའི་ ཇོ་བདག་ཅིག་ཨིན་མི་ རྒྱལ་མཚན་གྱིས་ རེས་གཟའ་ཕུར་བུ་ལུ་ ཁོ་རའི་ ལཱ་ཁག་ཆེ་ཏོག་ཏོ་ཅིག་ཐོན་ཏེ་ གླིང་མེད་ཐང་ལུ་ འགྱོ་ནིའི་དོན་ལས་ མོང་སྒར་ས་སྣུམ་བཀྲམ་སྤེལ་ཁང་ནང་ མར་ཁུ་བླུག་པར་ཚར་༢ དེ་ཅིག་འགྱོ་རུང་ ས་སྣུམ་མེད་ནི་དེ་གིས་ འཆར་གཞི་བཤོལ་བཞག་འབད་དགོཔ་ …

Leave a Reply

Your email address will not be published. Required fields are marked *