མི་གངམ་འོང་ནི་མེད་མི་ བསམ་གྲུབ་ལྗོངས་མཁར་གྱི་ཁྲོམ།

བསམ་གྲུབ་ལྗོངས་མཁར་ལུ་ རྒྱལ་སྤྱི་ལྟ་བཤལཔ་ཚུ་ སྤྱི་ཟླ་༡༢ པ་ཚུན་ འཐོན་འཛུལ་འབད་ཆོག་ནི།

༉ འདས་པའི་ཟླཝ་༡ གི་ཧེ་མར་ རྒྱ་གར་གྱི་མངའ་སྡེ་ ཨ་སམ་དཱ་རང་ག་བརྒྱུད་དེ་ བསམ་གྲུབ་ལྗོངས་མཁར་ལུ་ རྒྱལ་སྤྱི་ལྟ་བཤལཔ་ཚུ་གི་ འཐོན་འཛུལ་བཀག་འཛིན་འབད་མི་དེ་གིས་ ལྟ་བཤལཔ་སྡེ་ཚན་༢༠ ལྷགཔ་ཅིག་ ཆ་མེད་བཏང་ཡོདཔ་མ་ཚད་ གྱོང་རྒུད་སྦོམ་ཕོག་ཡོདཔ་ཨིན་པས།
ཨིན་རུང་ གཞུང་གིས་ དུས་ཅི་ སྤྱི་ཟླ་༡༢ པ་ཚུན་ འཐོན་འཛུལ་བཀག་འཛིན་ ཆ་མེད་གཏང་དགོ་པའི་སྐོར་ རྒྱ་གར་གཞུང་ལུ་ ཞུ་བ་འབད་མི་དང་བསྟུན་ སྤྱི་ཟླ་༩ པའི་ཚེས་༢༧ ལས་ འཐོན་འཛུལ་འབད་ཆོགཔ་བཟོ་ནུག།
འབྲུག་མ་འུན་ཊེན་ཟ་ཁང་གི་ཇོ་བདག་ ལྷུན་གྲུབ་རྣམ་རྒྱལ་གྱིས་ རྒྱལ་སྤྱི་ལྟ་བཤལཔ་ འཐོན་འཛུལ་འབད་མ་ཆོགཔ་བཟོ་མི་དེ་ བསམ་གྲུབ་ལྗོངས་མཁར་ལུ་ ཚོང་འབྲེལ་འཐབ་མི་ཚུ་གི་དོན་ལུ་ ཧ་ལས་སི་སི་དང་ ཚ་གྱང་ཅན་ཅིག་ཨིན་མས་ཟེར་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ འཐོན་འཛུལ་བཀག་འཛིན་འབད་བའི་ཤུལ་ལུ་ ལྟ་བཤལཔ་སྡེ་ཚན་༩ དེ་ཅིག་ ཆ་མེད་བཏང་དགོཔ་ཐོནམ་ལས་ དངུལ་ཀྲམ་༢༠༠,༠༠༠ ལྷགཔ་ཅིག་ གྱོང་རྒུད་ཕོག་ཡོདཔ་མ་ཚད་ ཟ་ཁང་གི་ ཁང་གླ་སྤྲོད་ནི་དང་ ལས་བྱེདཔ་ཚུ་ལུ་ དངུལ་ཕོགས་བྱིན་ནིའི་ནང་ གདོང་ལེན་སྦོམ་བྱུང་སྟེ་ཡོད་ཟེར་ཨིན་པས།
འཐོན་འཛུལ་འབད་ཆོག་པའི་ དུས་ཡུན་དེ་ སྤྱི་ཟླ་༡༢ པ་ཚུན་ཨིནམ་ལས་ ལྟ་བཤལ་དང་འབྲེལ་བའི་ ཚོང་བསྒྲགས་ཚུ་ འབད་མི་ཚུགས་ནི་ཨིནམ་ལས་ སྤྱི་ལོ་༢༠༢༠ ལུ་ ལྟ་བཤལཔ་ཚུ་ ག་དེ་སྦེ་ ལྷོད་འོང་ག་ ཚ་གྱང་སྦོམ་ལང་སྟེ་ཡོད་ཟེར་ ལྷུན་གྲུབ་རྣམ་རྒྱལ་གྱིས་ བཤདཔ་ཨིན་པས།
ཊི་ཌི་མགྱོན་ཁྱིམ་གྱི་ཇོ་བདག་ ཀརྨ་བསྟན་འཛིན་གྱིས་ སླབ་མིའི་ནང་ རྒྱལ་པོའི་ཞིང་དང་ ངང་ལམ་གྱི་ གཞུང་ལམ་དེ་ འགོ་འབྱེད་འབད་བའི་ཤུལ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཚོང་འབྲེལ་མར་བབས་སོང་ཡོད་མི་དེ་ ལྟ་བཤལཔ་ཚུ་གིས་ ལྷན་ཐབས་འབད་ཚུགས་པའི་ རེ་བ་བསྐྱེད་ཅི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ལྟ་བཤལཔ་ཚུ་ འཐོན་འཛུལ་འབད་མ་ཆོགཔ་ བཟོ་མི་དེ་གིས་ ཧེང་སྐལ་ར་ ཚོང་འབྲེལ་ལུ་ ཐོ་ཕོག་སྟེ་ཡོདཔ་མ་ཚད་ ཐོན་ཁུངས་ཀྱི་ ཐབས་ལམ་གཞན་ག་ནི་ཡང་མེདཔ་ལས་ ཚོང་འབྲེལ་འཐབ་མི་ཚུ་ བསམ་གྲུབ་ལྗོངས་མཁར་དང་ ཤར་ཕྱོགས་རྫོང་ཁག་ཚུ་གི་ དཔལ་འབྱོར་དང་ ཚོང་འབྲེལ་ཡར་དྲག་གཏང་ཐབས་ལུ་ གཞུང་གིས་ བར་འཛུལ་ཐོག་ དཀའ་ངལ་སེལ་ཐབས་འབད་ནི་གི་ རེ་བ་བསྐྱེད་དེ་ཡོད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ལྟ་བཤལཔ་ཚུ་ ལོག་སྟེ་ར་ ཧེ་མ་ལས་འོང་མི་ ལམ་དེ་ཁ་ལས་ འགྱོ་བའི་སྐབས་ མཛེས་ཆ་ལྡན་པའི་ ས་ཆ་གསརཔ་ གཞན་མེདཔ་ལས་ ལམ་ལུགས་ཚུལ་མཐུན་མེད་པའི་ཁར་ ཟད་འགྲོ་ཡང་ ལེ་ཤ་གནས་དོ་ཡོད་པའི་ གདོང་ལེན་ཚུ་ཡོད་ཟེར་ཨིན་པས།
བཀྲིས་དགའ་ཚལ་ཟ་ཁང་གི་ཇོ་བདག་ ཀུན་དགའ་ནོར་བུ་གིས་ ལས་བྱེདཔ་ཚུ་ལུ་ དངུལ་ཕོགས་སྤྲོད་མ་ཚུགས་པའི་བསྒང་ལས་ འཐོན་འགྱོ་དོ་ཡོདཔ་མ་ཚད་ ན་གཞོན་ལ་ལོ་ སྨྱོ་རྫས་ཚུ་ལུ་ ཤུགས་ཐལ་ཏེ་ མེདཔ་ཐལ་བའི་ཁར་ འཐོན་འཛུལ་བཀག་འཛིན་འབད་མི་དེ་གིས་ ཚོང་པ་རྐྱངམ་གཅིག་ལུ་མེན་པར་ ཐད་ཀར་དུ་ ན་གཞོན་ཚུ་ལུ་ཡང་ ལཱ་གཡོག་གི་ གདོང་ལེན་འབྱུང་འོང་ཟེར་ བཤདཔ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཕྱི་ཁའི་མི་ཚུ་འོངམ་ད་ དབང་འཛིན་ཚུ་གིས་ ཉེན་ཁ་འབག་ཐོག་ བཏང་དོ་ཡོད་རུང་ ལྟ་བཤལ་པའི་ཐད་ཁར་ ཟ་ཁང་དང་ ལྟ་བཤལ་ལས་སྡེའི་ ཇོ་བདག་ཚུ་གིས་ ཉེན་ཁ་འབག་རུང་ གཏང་མི་བཏུབ་དོ་ཡོདཔ་ལས་ ལམ་ལུགས་གཅིག་མཚུངས་མིན་འདུག་ཟེར་ཨིནམ་ད་ ཁོ་ཁི་ ལྟ་བཤལཔ་སྡེ་ཚན་༡༢ ལྷགཔ་ཅིག་ ཆ་མེད་བཏང་དགོཔ་ཐོན་ནུག།
འཐོན་འཛུལ་བཀག་འཛིན་དེ་ འབྲུག་གཞུང་གིས་མེན་པར་ རྒྱ་གར་གཞུང་གིས་ འབད་ཡོདཔ་ད་ རྒྱ་གར་གྱི་ གསར་ཤོག་ཅིག་ནང་ འབྲུག་གིས་ འབད་ཡོདཔ་སྦེ་ བཀོད་དེ་ཡོདཔ་ལས་ མགུ་འཐོམ་ཡོད་མི་ལུ་བརྟེན་ གཞུང་གིས་ དོགས་སེལ་ཅིག་འབད་བ་ཅིན་ ཕན་ཐོགས་འབྱུང་ནི་མས་ཟེར་ ཀུན་དགའ་ནོར་བུ་གིས་ བཤདཔ་ཨིན་པས།
སྨན་ལྗོངས་ཟ་ཁང་གི་ འཛིན་སྐྱོང་པ་ ཤེས་རབ་རྒྱ་མཚོ་གིས་ སླབ་མིའི་ནང་ ལྟ་བཤལཔ་སྡེ་ཚན་༡༠ དེ་ཅིག་ ཆ་མེད་བཏང་ཡོདཔ་བཞིན་དུ་ ལམ་ལུགས་དང་འཁྲིལཝ་ད་ ལྟ་བཤལ་ལས་སྡེ་ཚུ་གིས་ ཆ་མེད་འབད་བའི་ འཐུས་སྤྲོད་དགོཔ་སྦེ་ཡོད་རུང་ ད་ལྟོའི་གནད་དོན་ནང་ ཁོང་ལུ་འཛོལ་བ་མེདཔ་ལས་ འཐུས་བྱིན་ནིའི་ ཁས་ལེན་མི་བཏུབ་པས་ཟེར་ཨིན་པས།
ཁོ་གིས་ ལྟ་བཤལ་ལུ་བརྟེན་པའི་ གྱོང་རྒུད་སྦོམ་ཕོག་སྟེ ཡོད་མི་ཚུ་ གཞུང་དང་ འབྲུག་ལྟ་བཤལ་ལས་སྡེ་༢ ལས་ ག་གིས་ སྤྲོད་ནི་ཨིན་ན་ཟེར་ དྲི་བཀོད་ཚུ་ཡང་ འབདཝ་ཨིན་པས།
སྤྱི་ལོ་༢༠༡༨ ཟླ་༡༡ པའི་ནང་ ཐའི་ལེནཌ་ལས་ གདུང་བསམ་རྩི་སའི་ གྲོས་སྟོན་པ་སྡེ་ཚན་ཅིག་ བསམ་གྲུབ་ལྗོངས་མཁར་ལས་ དཱ་རང་ག་བརྒྱུད་དེ་ རྒྱ་གར་ལུ་ འཛུལ་མི་ཚུ་ ཀོལ་ཀ་ཊཱ་གནམ་གྲུ་ཐང་ནང་ བཀག་ཆ་འབད་དེ་ ཉེས་བྱ་བཀལ་ཐོག་ ཉིནམ་༡ དེ་ཅིག་ བསྒུགས་བཅུག་ཡོདཔ་ད་ སྡེ་ཚན་དེ་ ཡོངས་འབྲེལ་སྐྱོད་ཐམ་ ཨི་བི་ཟ་གུ་ འགྲོ་འགྲུལ་འབདཝ་ལས་ ཕྱི་མི་ནང་སྐྱོད་འོག་དཔོན་ཚུ་གིས་ དཱ་རང་ག་ལས་ འཛུལ་མི་དེ་ ངོས་ལེན་མེདཔ་ཨིན་པས།
དུས་ཅི་ སྤྱི་ཟླ་༡ པ་དང་༢ པའི་ནང་ ཕྱི་མི་ནང་སྐྱོད་ཡིག་ཚང་ལས་ སྐྱོད་ཐམ་གུ་ ཐིའུ་ཐོབ་སྟེ་ རྒྱལ་སྤྱི་ལྟ་བཤལཔ་ སྡེ་ཚན་༢ དཱ་རང་ག་ལས་ ཐོན་འགྱོ་མི་ཚུ་ཡང་ ཀོལ་ཀ་ཊཱ་ལུ་ བསྒུགས་བཅུག་སྟེ་ ཉེས་བྱ་བཀལ་ཡོད་རུང་ དཱ་རང་ག་ལས་ ཐོན་འགྱོ་མི་ ལྟ་བཤལཔ་ལེ་ཤ་ ཀོལ་ཀ་ཊཱ་ལུ་ བཀག་ཆ་མ་འབད་མི་ཡང་ ཡོདཔ་ཨིན་པས།
འབྲུག་ལྟ་བཤལ་ལས་སྡེ་མཐུན་ཚོགས་ཀྱིས་ ཀོལ་ཀ་ཊཱའི་ ཕྱི་མི་ནང་སྐྱོད་ཀྱི་ ལམ་ལུགས་ཏན་ཏན་མེད་མི་དང་ ལྟ་བཤལཔ་ཚུ་གི་དོན་ལུ་ དཱ་རང་ག་ལས་ འཐོན་འཛུལ་འབད་ནི་དེ་ གཞུང་འབྲེལ་ཨིན་མེན་གྱི་སྐོར་ འབྲུག་ལྟ་བཤལ་ཚོགས་སྡེ་ལུ་ ཡི་གུ་བྲིས་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ འབྲུག་ལྟ་བཤལ་ཚོགས་སྡེ་གིས་ཡང་ ཐིམ་ཕུག་ལུ་ཡོད་མི་་རྒྱ་གར་གཞུང་ཚབ་ཡིག་ཚང་ནང་ ཡི་གུ་བྲིས་བའི་ཤུལ་ལས་ རྒྱལ་སྤྱི་ལྟ་བཤལཔ་ཚུ་གིས་ སྤ་རོ་དང་ ཕུན་ཚོགས་གླིང་རྐྱངམ་གཅིག་ལས་ འཐོན་འཛུལ་འབད་ཆོགཔ་ཨིན་པའི་ ངེས་ཤེས་ཐོབ་ཡོདཔ་ཨིན་པས།
སྤྱི་ཟླ་༡༠ པའི་ཚེས་༡ ལུ་ གནས་ཚུལ་ཞལ་འཛོམས་སྐབས་ ཕྱི་འབྲེལ་བློན་པོ་ ཌོག་ཊར་རྟ་མགྲིན་རྡོ་རྗེ་གིས་ བཤད་མིའི་ནང་ བསམ་གྲུབ་ལྗོངས་མཁར་ལུ་ ལྟ་བཤལཔ་ཚུ་གི་ འཐོན་འཛུལ་བཀག་འཛིན་འབད་མི་དེ་ གཞུང་གིས་ འབད་འབདཝ་མེན་པའི་ཁར་ ལྟ་བཤལཔ་ཚུ་ འཐོན་འཛུལ་འབད་ས་དེ་ ཕུན་ཚོགས་གླིང་རྐྱངམ་གཅིག་མ་གཏོགས་ བསམ་གྲུབ་ལྗོངས་མཁར་དང་ དགེ་ལེགས་ཕུག་༢ འཐོན་འཛུལ་གྱི་ ས་ཁོངས་སྦེ་ ངོས་འཛིན་མ་འབད་ཟེར་ཨིན་པས།
ཕྱི་འབྲེལ་བློན་པོ་གིས་འབད་བ་ཅིན་ ཨ་སམ་གྱི་ དབང་འཛིན་ཚུ་གིས་ ཁོང་རའི་གཞུང་གི་ལམ་ལུགས་ཚུ་ ལག་ལེན་མ་འཐབ་ཚུན་ འབྲུག་མི་ཚུ་གིས་ བསམ་གྲུབ་ལྗོངས་མཁར་དང་ དགེ་ལེགས་ཕུག་དེ་ འཐོན་འཛུལ་གྱི་ ས་ཁོངས་ཨིནམ་སྦེ་ མནོ་བསམ་བཏང་སྡོད་ནུག་ཟེར་ཨིན་པས།
བློན་པོ་གིས་ བཤད་མིའི་ནང་ གཞུང་གིས་ དུས་ཅི་ སྤྱི་ཟླ་༡༢ པ་ཚུན་ ལྟ་བཤལཔ་ཚུ་ འཐོན་འཛུལ་འབད་ཆོགཔ་སྦེ་ བཟོ་དགོ་པའི་ ཞུ་བ་འབད་ཡོདཔ་ལས་ ས་མཚམས་ཁར་ དཀའ་ངལ་ཚུ་ མི་འཐོན་ནིའི་ རེ་བ་བསྐྱེདཔ་བཞིན་དུ་ གནད་དོན་དེ་གུ་ གསུང་གྲོས་གནང་ནིའི་དོན་ལུ་ ཟུང་ཕྱོགས་ཞལ་འཛོམས་ཅིག་ཡང་ འཚོགས་དགོཔ་འོང་ཟེར་ཨིན་པས།
ཕུན་ཚོགས་གླིང་ཡང་ ས་མཚམས་ཁྲོམ་སྡེ་ཅིག་འབད་རུང་ ལྟ་བཤལཔ་ཚུ་གི་ འཐོན་འཛུལ་ས་ཁོངས་སྦེ་ ངོས་འཛིན་འབད་མི་དང་ བསམ་གྲུབ་ལྗོངས་མཁར་དང་ དགེ་ལུགས་ཕུག་༢ གནད་དོན་ག་ཅི་ལུ་བརྟེན་ ངོས་འཛིན་མ་འབདཝ་ཨིན་ན་ ཧ་གོ་མ་ཚུགས་ཟེར་ཨིན་པས།
ཁྲོམ་སྡེ་དེ་གཉིས་ཡང་ འཐོན་འཛུལ་ས་ཁོངས་སྦེ་ གཞུང་འབྲེལ་ཐོག་ ངོས་འཛིན་འབད་བ་ཅིན་ ཕན་ཐོགས་འབྱུང་ནི་མས་ཟེར་  ཚོང་པ་ཚུ་གིས་ བཤདཔ་ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། བསམ་གྲུབ་ལྗོངས་མཁར།

 

About admin

Check Also

མོང་སྒར་ཁྲོམ་ཁར་ སི་སི་ཊི་བི་པར་ཆས་ཚུ་ གཞི་བཙུགས་འབད་ནི།

༉ མོང་སྒར་ཁྲོམ་གྱི་ ས་ཁོངས་ལྟེ་བའི་ནང་ ཉེན་སྲུང་གི་དོན་ལུ་ སི་སི་ཊི་བི་པར་ཆས་ གཞི་བཙུགས་འབད་བའི་བསྒང་ལས་ ས་ཁོངས་དེ་ནང་ ཁྱད་རིག་ལྡན་པའི་ཁྲོམ་གྱི་བསམ་གཞི་ལུ་ གཞི་བཞག་སྟེ་བཟོ་མི་ ཁྲོམ་གྱི་མཐུན་རྐྱེན་ཚུ་ ཚང་ནི་ཨིན་པས། མོང་སྒར་ཁྲོམ་ལྟེ་བ་དེ་ མོང་སྒར་ཁྲོམ་གྱི་འོག་ལུ་ ས་གནས་ས་ཁོངས་འཆར་གཞི་༧ ཡོད་པའི་ནང་ལས་ …

Leave a Reply

Your email address will not be published. Required fields are marked *