རྐང་འགྲུལཔ་ཚུ་གིས་ ལམ་ལུགས་དང་མ་འཁྲིལ་བར་ ཁྲ་དཀར་ལམ་ སྐེདཔ་བཏོགས་འགྱོ་བའི་བསྒང་།

བསམ་གྲུབ་ལྗོངས་མཁར་ལུ་ འཕྲལ་མགྱོགས་ར་ ཁྲ་དཀར་ལམ་ ཟེབ་ར་ཀོ་རོ་སིང་གི་ ལམ་ལུགས་ལག་ལེན་འཐབ་ནི།

༉ བསམ་གྲུབ་ལྗོངས་མཁར་གྱི་ ཁྲིམས་སྲུང་འགག་སྡེའི་ སྣུམ་འཁོར་བརྡ་སྟོན་སྡེ་ཚན་གྱིས་ འཕྲལ་མགྱོགས་ར་ ཁྲ་དཀར་ལམ་ ཟེབ་ར་ཀོ་རོ་སིང་གི་ ལམ་ལུགས་དང་མ་འཁྲིལ་བར་ འཁོར་ལམ་སྐེདཔ་བཏོགས་འགྱོ་མི་ རྐང་འགྲུལ༌པ་ཚུ་ལུ་ ཉེས་བྱ་བཀལ་ནི་ཨིནམ་ད་ ད་ཚུན་གྱི་བར་ན་ ལམ་ལུགས་ལས་འགལ་མི་ དེད་གཡོགཔ་༤ ལུ་ ཉེས་བྱ་བཀལ་ཡོདཔ་ཨིན་པས།

ཁྲིམས་སྲུང་འགག་སྡེའི་ འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ རྫོང་ཁག་ཁྲོམ༌ནང༌ ཟེབ་ར་ཀོ་རོ་སིང་གི་ ལམ་ལུགས་དེ་ དུས་ཅི་ སྤྱི་ཟླ་༤ པའི་ཚེས་༡༩ ལས འགོ་བཙུགས་ཅི་ཟེར་ཨིནམ་ད་ བདུན་ཕྲག་༢ དེ་ཅིག་གི་རིང་ ཁྲིམས་སྲུང་འགག་པ་གིས་ དེད་གཡོགཔ་དང་ རྐང་འགྲུལ་པ་༢ ཆ་ར་ལུ་ ལམ་ལུགས་ཀྱི་སྐོར་ལས་ གོ་བརྡ་སྤྲོད་ནུག།
གོ་བརྡ་སྤྲོད་ཚར་བའི་ཤུལ་ལུ་ དེད་གཡོགཔ་ཚུ་གིས་ ངོས་འཛིན་འབད་ཡོད་པའི་ ཟེབ་ར་ཀོ་རོ་སིང་ཚུ་ནང་ རྐང་འགྲུལ་པ་ཚུ་ ལམ་མ་བྱིན་མི་ དེད་གཡོགཔ་༤ ལས་ ཉེས་བྱ་དངུལ་ཀྲམ་༡,༢༠༠ རེ་ ལེན་ཡོདཔ་ཨིན་པས།
འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ལམ་ལུགས་ལག་ལེན་དང་ གོ་བརྡ་སྤྲོད་ནི་ འགོ་བཙུགས་ཏེ་ ཟླཝ་༡ ལྷགཔ་ཅིག་ལས་འགལ་ མ་སོང་མི་ལུ་བརྟེན་ གྲུབ་འབྲས་ཀྱི་སྐོར་ལས་ སླབ་མི་ཚུགས་ཟེར་ཨིན་རུང་ ཧེ་མ་དང་ཕྱདཔ་ད་ མང་ཤོས་ཅིག༌གིས་ ཧ་གོ་ཡོདཔ་ལས་ དེད་གཡོགཔ་ཚུ་ལས་ བསམ་ལན་ལེགས་ཤོམ་ ཐོབ་དོ་ཡོད་རུང་ རྐང་འགྲུལ་པ་ཚུ་གིས་ ཟེབ་ར་ཀོ་རོ་སིང་ཚུ་ནང་ མགྱོགས་སུ་ཅིག་སྦེ་ འགྱོ་དགོཔ་ཡོད་ཟེར་ཨིན་པས།
སྐྱེས་ལོ་༣༥ ལང་མི་ གླ་འཁོར་དེད་གཡོགཔ་ བཀྲིས་ཚེ་དབང་གིས་ སླབ་མིའི་ནང་ རྐང་འགྲུལ་པ་ལ་ལོ་ཅིག་གིས་ ཟེབ་ར་ཀོ་རོ་སིང་ཚུ་གི་བར་ན་ འགྲུལ་འཕྲིན་ཐོག༌ལས་དང་ ཡང་ཅིན་ ཆ་རོགས་ཚུ་དང་གཅིག་ཁར་ བློ་སླབ་སྡོད་དེ་ མགྱོགས་པར་འགྱོ་མ་བཏུབ་མི་ལུ་བརྟེན་ ཙིགཔ་ཟ་འོངམ་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ རྐང་འགྲུལ་པ་རྒན་ཤོས་དང་ ཡང་ཅིན་ དབང་པོ་རྐྱེན༌སྐྱོན་ཡོད་མི་ཅིག་འབད་བ་ཅིན་ མ་བཏུབ་མེད་རུང་ དེ་མིན་པ་ཅིན་ དེད་གཡོགཔ་ཚུ་ཡང་ དུས་ཚོད་དང་འཁྲིལ་ ས་ཁོངས་ནང་ ལྷོད་དགོཔ་ལས་ རྐང་འགྲུལ་པ་ཚུ་གིས་ ཟེབ་ར་ཀོ་རོ་སིང་ཚུ་ནང་ མགྱོགས་པར་སྦེ་ འགྱོ་དགོ་པའི་ མནོ་བསམ་ཅིག་ བཏང་དགོཔ་འདུག་ཟེར་ཨིན་པས།
འགོ་དཔོན་ཚུ་གིས་ སླབ་མིའི་ནང་ རྐང་འགྲུལ་པ་མང་ཤོས་ཅིག་ ཤེས་ཡོན་མེད་མི་ཚུ་ཨིནམ་ལས་ ལམ་ལུགས་དེ་ ཧ་གོ་བཅུག་ཐབས་ལུ་ དུམ་གྲ་ཅིག་ དུས་ཚོད་འགོར་འོང་ཟེར་ཨིན་རུང་ འགག་སྡེའི་ཁ་ཐུག་ལས་ མི་ཚུ་གིས་ཧ་མ་གོཝ་ཚུན་ཚོད་ འཕྲོ་མཐུད་དེ་ གོ་བརྡའི་ཤེས་ཡོན་ཚུ་ སྤྲོད་འོང་ཟེར་ཨིན་པས།
ཁོང་གིས་ སླབ་མིའི་ནང་ གོ་བརྡ་སྤྲོད་དེ་ ཧ་གོ་ཚར་བའི་ཤུལ་ལུ་ རྐང་འགྲུལ་པ་ཚུ་གིས་ སྣུམ་འཁོར་འགྱོ་སའི་ལམ་ཁར་ འཐོན་ནི་དང་ དོན་མེད་ལམ་ཁར་ ལོང་སྡོད་པ་ཅིན་ ཉེས་བྱ་ཡངས་ཆག་མེད་པར་ བཀལ་ནི་ཟེར་ཨིན་པས།
ཁོང་གིས་འབད་བ་ཅིན་ གདོང་ལེན་སྦོམ་ཤོས་ར་ རྒྱལ་ཁབ་ནང་འོང་མི་ རྒྱ་གར་གྱི་ མི་ཚུ་དང་གཅིག་ཁར་ འབྲེལ་བ་འཐབ་ནི་དེ་ཨིནམ་ད་ ཟེབ་ར་ཀོ་རོ་སིང་གི་ ལམ་ལུགས་དང་མ་འཁྲིལ་བར་ འགྱོ་བའི་སྐབས་ བདའ་ཟུན་པ་ཅིན་ ཉེས་བྱ་བཏབ་ནིའི་ཏི་རུ་ འབག་མི་འོང་དོ་ཡོདཔ་ལས་ ཐབས་མེད་པར་ ལོག་གཏང་དགོཔ་ཐོནམ་མས་ཟེར་ཨིན་པས།
མི་ཊར་༢༠ གི་ནང་འཁོད་ལུ་ ཟེབ་ར་ཀོ་རོ་སིང་ཡོད་པ་ཅིན་ རྐང་འགྲུལ་པ་ཚུ་གིས་ འཁོར་ལམ་གཞན་ཁར་ སྐེདཔ་བཏོག་འགྱོ་ནི་ མི་འོང་ཟེར་ཨིནམ་བཞིན་དུ་ མི་ཊར་༢༠ གི་ནང་འཁོད་ལུ་ མེད་པ་ཅིན་ སྣུམ་འཁོར་དེད་གཡོགཔ་ཚུ་གིས་ རྐང་འགྲུལ་པ་ཚུ་ འཁོར་ལམ་སྐེདཔ་བཏོག་སྟེ་ འགྱོ་བཅུག་དགོ་ཟེར་ཨིན་པས།
འགོ་དཔོན་ཚུ་གིས་འབད་བ་ཅིན་ རྒྱལ་ཁབ་ནང་ ཟེབ་ར་ཀོ་རོ་སིང་གི་ ལམ་ལུགས་དེ་ སྤྱི་ལོ་༢༠༡༥ མཇུག་བསྡུ་ཁམས་ཅིག་ལས་ ལག་ལེན་འཐབ་ནི་ འགོ་བཙུགས་ཡོད་རུང་ བསམ་གྲུབ་ལྗོངས་མཁར་ཁྲོམ་གྱི་ ས་ཁོངས་ནང་ རྩི་ནག་བཏང་མི་དང་ འཁོར་ལམ་བདའ་སྟེ་ རྐང་འགྲུལ་པའི་ལམ་ བཟོ་སྐྲུན་འབད་མི་ལུ་བརྟེན་ ལག་ལེན་འཐབ་མ་ཚུགས་ཟེར་ཨིན་པས།
ལམ་འགྲུལ་ཉེན་སྲུང་དང་ སྐྱེལ་འདྲེན་དབང་འཛིན་གྱི་ བཅའ་ཁྲིམས་༡༩༩༩ ཅན་མ་དང་འཁྲིལཝ་ད་ རྐང་འགྲུལ་པ་ཚུ་གིས་ སྣུམ་འཁོར་འགྱོ་སའི་ལམ་ཁར་ འཐོན་ནི་དང་ དོན་མེད་ལམ་ཁར་ ལོང་སྡོད་པ་ཅིན་ ཉེས་བྱ་དངུལ་ཀྲམ་༥༥༠ དང་ ཧེ་མར་ དེད་གཡོགཔ་ཚུ་གིས་ རྐང་འགྲུལ་པ་ཚུ་ལུ་ ལམ་བྱིན་པའི་ ཉེས་བྱ་དངུལ་ཀྲམ་༧༠༠ འབད་མི་དེ་ དུས་ཅི་ སྤྱི་ཟླ་༤ པའི་ཚེས་༡༥ ལུ་ དངུལ་ཀྲམ་༡,༢༠༠ ལུ་ ཡར་སེང་འབད་ཡོད་པའི་གནས་ཚུལ།

བསམ་གྲུབ་ལྗོངས་མཁར་ལས་ སྐལ་བཟང་དབང་ཕྱུག།

About admin

Check Also

མོང་སྒར་ལུ་ ས་སྣུམ་མ་ལང་པའི་ དཀའ་ངལ་ཐོན་ཡོདཔ།

༉ མོང་སྒར་ཁྲོམ་ནང་སྡོད་མི་ སྣུམ་འཁོར་ཆུང་བའི་ ཇོ་བདག་ཅིག་ཨིན་མི་ རྒྱལ་མཚན་གྱིས་ རེས་གཟའ་ཕུར་བུ་ལུ་ ཁོ་རའི་ ལཱ་ཁག་ཆེ་ཏོག་ཏོ་ཅིག་ཐོན་ཏེ་ གླིང་མེད་ཐང་ལུ་ འགྱོ་ནིའི་དོན་ལས་ མོང་སྒར་ས་སྣུམ་བཀྲམ་སྤེལ་ཁང་ནང་ མར་ཁུ་བླུག་པར་ཚར་༢ དེ་ཅིག་འགྱོ་རུང་ ས་སྣུམ་མེད་ནི་དེ་གིས་ འཆར་གཞི་བཤོལ་བཞག་འབད་དགོཔ་ …

Leave a Reply

Your email address will not be published. Required fields are marked *