བསམ་གྲུབ་ལྗོངས་མཁར་ལས་ འབྲུག་མཉམ་རུབ་དང་ ཕུན་སུམ་ཚོགས་པ་ལུ་རྒྱབ་སྐྱོར།

༉ རྫོང་ཁག་ཚོགས་རྒྱན་གྲངས་རྩིས་ལྟེ་བའི་ནང་ ཁ་ཙ་ཉིན་མར་ འགྲེམ་ཐོག་ཚོགས་རྒྱན་ ཁ་ཕྱེ་བའི་སྐབས་ གྲལ་གཏོགས་འབད་མི་ཚུ་གིས་ འགོ་ཐོག་བཙག་འཐུའི་ ཚོགས་རྒྱན་གྲུབ་འབྲས་དེ་ ག་ཅི་བཟུམ་འཐོན་འོང་ག་ ཚོད་དཔག་ཐོག་ ཧ་གོ་ཆི་ནུག།

འགྲེམས་ཐོག་ཚོགས་རྒྱན་ ཁ་ཕྱེ་རེ་ཕྱེ་ཚད་ འབྲུག་ཕུན་སུམ་ཚོགས་པའི་ཁོངས་ལུ་ བཙུགས་ཡོད་པའི་ གསལ་སྟོན་བྱུངམ་ལས་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་གིས་ཡང་ རྫོང་ཁག་གཞན་ཚུ་བཟུམ་སྦེ་ ལོག་སྟེ་ར་ བྱ་ཁྲུང་ཁྲུང་ གདམ་ཁ་རྐྱབ་ཡོད་པའི་ མངོན་གསལ་བྱུང་ཡི།

སྔོན་འགྲོའི་གྲུབ་འབྲས་དང་འཁྲིལཝ་ད་ ཁ་ཙ་རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུའི་དོན་ལུ་ འདེམས་ཁོངས་གཉིས་ཆ་ར་གིས་ ཚོགས་རྒྱན་༧,༣༨༡ ཕུན་སུམ་ཚོགས་པ་ལུ་བཙུགས་ནུག།

འབྲུག་མཉམ་རུབ་ཚོགས་པ་གིས་ ཚོགས་རྒྱན་བསྡོམས་༣,༩༩༧ ཐོབ་སྟེ་ ཨང་གཉིས་པ་ཐོན་ཡོདཔ་ད་ མི་སེར་དམངས་གཙོ་ཚོགས་པ་གིས་ ཚོགས་རྒྱན་༡,༨༨༠ དང་ འབྲུག་ཀུན་མཉམ་ཚོགས་པ་གིས་ ཚོགས་རྒྱན་༡,༥༠༦ ཐོབ་ནུག།

བདེ་བ་ཐང་-སྒོམ་དར་འདེམས་ཁོངས་ནང་ འབྲུག་ཕུན་སུམ་ཚོགས་པའི་ འགྲེམ་ཐོག་ཚོགས་རྒྱན་༡,༤༧༡ བརྩིས་ཏེ་ ཚོགས་རྒྱན་བསྡོམས་༤,༠༢༠ ཐོབ་ཡོདཔ་ད་ ཚོགས་པ་གིས་ འཕྲུལ་ཆས་ཚོགས་རྒྱན་༢,༥༤༩ ཐོབ་མི་དེ་ མཐོ་ཤོས་ཨིན་པས། འབྲུག་མཉམ་རུབ་ཚོགས་པ་གིས་ ཚོགས་རྒྱན་༡,༢༢༨ ཐོབ་ནུག།

ཕུན་སུམ་ཚོགས་པ་གིས་ ཇོ་མོ་གཙང་ཁ་-མར་ཚ་ལ་འདེམས་ཁོངས་ལས་ཡང་ ཚོགས་རྒྱན་བསྡོམས་༣,༣༦༡ ཐོབ་མི་དེ་ཡང་ མཐོ་ཤོས་ཨིན་པས།

རྫོང་ཁག་ནང་ ཐོ་བཀོད་ཅན་གྱི་ ཚོགས་རྒྱན་སྐྱུར་མི་༢༥,༨༢༦ ཡོད་ས་ལས་ བརྒྱ་ཆ་༦༧ གྱི་རྩིས་ ཚོགས་རྒྱན་བཙུགས་པར་ འོང་ཡོདཔ་ད་ བརྒྱ་ཆ་༦༧.༤ གིས་ བདེ་བ་ཐང་-སྒོམ་དར་དང་ བརྒྱ་ཆ་༦༦.༧གྱི ས་ ཇོ་མོ་གཙང་ཁ་-མར་ཚ་ལ་འདེམས་ཁོངས་ནང་བཙུགས་ནུག།

ཉིན་མའི་ཆུ་ཚོད་༡ གི་ནང་འཁོད་ ཚོགས་རྒྱན་སྐྱུར་མི་༧,༥༩༣ གྱིས་ འདེམས་ཁོངས་གཉིས་ནང་ འཕྲུལ་ཆས་ཐོག་ རང་སོའི་ཚོགས་རྒྱན་བཙུགས་ཡོད་མི་ལས་༤,༡༤༥ ཨམ་སྲུ་ཨིན་པས།

བང་མཚོ་ཨོམ་ཚོང་ཁང་གི་ས་ཁོངས་ནང་ ཚོགས་རྒྱན་བཙུགས་མི་དང་པ་སྦེ་ འབྲུག་ཀུན་མཉམ་ཚོགས་པའི་གཙོ་འཛིན་ གནས་བརྟན་བཟང་མོ་གིས་བཙུགས་ནུག།

འདས་པའི་བདུན་ཕྲག་གཅིག་གི་རིང་ བསམ་གྲུབ་ལྗོངས་མཁར་ལུ་ ཆརཔ་མ་ཆད་པར་ རྐྱབ་མི་ལུ་བརྟེན་ འཁོར་ལམ་ཚུ་ ཐདམ་ཐད་ཁ་ལས་ཕར་ བསུབས་ཡོདཔ་མ་ཚད་ གློག་མེའི་མཐུན་རྐྱེན་ཚུ་ཡང་ མེད་པར་སྡོད་དགོཔ་ཐོན་རུང་ ཁ་ཙ་ ཚོགས་རྒྱན་གྱི་ཉིན་མར་ ནམ་ཧིང་སངས་ས་འགྱོཝ་ལས་ ཚོགས་རྒྱན་བཙུགས་མི་ཚུ་ཡང་ རང་སོའི་ལྕོགས་གྲུབ་དང་འཁྲིལ་བའི་ གོ་དང་དཀྱི་ར་ཚུ་གྱོན་སྦེ་ ཚོགས་རྒྱན་བཙུགས་པར་འོང་ནུག།

བསམ་གྲུབ་དགའ་ཚལ་ལས་ སྐྱེས་ལོ་༧༠ ལང་མི་ ཨ་སྦིས་བཙུམ་པི་ཟེར་མི་ཡང་ བཟའ་ཚང་འཐུས་མི་གཉིས་དང་གཅིག་ཁར་ འཁརཝ་བཙུགས་ཏེ་ ཚོགས་རྒྱན་ས་ཁོངས་ནང་ ལྷོད་ཡོདཔ་ད་ མོ་གིས་ བཙག་འཐུ་ཆ་མཉམ་ནང་ ཚོགས་རྒྱན་བཙུག་ནིའི་དོན་ལུ་ མ་ཆད་པར་འོང་ཡོད་རུང་ ང་ལུ་ ཁེ་ཕན་ག་ནི་ཡང་མ་ཐོབ་ཟེར་ དགོད་བྲ་སྦེ་སླབ་ཨིན་པས། ཚོགས་རྒྱན་སྐྱུར་མི་ མང་ཤོས་ཅིག་གིས་ རང་སོའི་སྲིད་ཚོགས་དང་ འདེམས་ངོ་ཚུ་ ངོ་ཤེས་དོ་ཡོདཔ་ཨིན་པས།

རྫོང་ཁག་ནང་ འགྲེམ་ཐོག་ཚོགས་རྒྱན་བཙུགས་མི་སྦེ་ ཐོ་བཀོད་འབད་ཡོད་རུང་ ཚོགས་རྒྱན་ས་ཁོངས་ནང་ ཚོགས་རྒྱན་བཙུགས་པར་འོང་མི་ དག་པ་ཅིག་ཡང་ ཐོན་ཡོད་པའི་གནས་ཚུལ།

About admin

Check Also

བསམ་རྩེ་རྫོང་ཁག་ནང་ ཚོགས་རྒྱན་བཙུགས་མི་ ཉུང་སུ་ཅིག་ཨིནམ།

༉ བསམ་རྩེ་རྫོང་ཁག་ནང་ ཁྱད་ཚད་ལྡན་པའི་ཚོགས་རྒྱན་བཙུགས་མི་༤༧,༣༦༠ ཡོད་ས་ལས་ བརྒྱ་ཆ་༦༠.༣ གྱིས་ འགོ་ཐོག་བཙག་འཐུ་ནང་ ཚོགས་རྒྱན་བཙུགས་པར་འོང་མི་དེ་ གྱངས་ཁ་ཉུང་སུ་ཨིནམ་ད་ དེ་ཡང་ ཚོགས་རྒྱན་བཙུགས་མི་ཡོངས་བསྡོམས་ལས་༢༨,༥༦༨ རྐྱངམ་གཅིག་གིས་ ཚོགས་རྒྱན་བཙུགས་ཡོདཔ་ཨིན་པས། རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་དང་ཕྱདཔ་ད་ …

Leave a Reply

Your email address will not be published. Required fields are marked *